དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བཞི་པའི་CPIཟླ་གོང་མ་དང་བསྡུར་ན་འཕར་བ།

    ཁྱབ་ཁོངས་ཁ་ཤས་ཀྱི་རིན་གོང་བཟང་ཕྱོགས་ཀྱི་འགྱུར་ལྡོག་འགྲོ་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-19

    ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། ཟླ་བཞི་པའི་ཡུལ་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)ཟླ་གོང་མའི་0.4%ཆག་པ་ནས་0.1%འཕར་ཏེ་དུས་མཚུངས་ལས་0.1%ཆག་པ་དང་ཆག་ཚད་ཟླ་གོང་མ་དང་གཅིག་མཚུངས་ཡིན་པ་རེད། ལྟེ་བའི་CPIཟླ་གོང་མའི་སྙོམས་པོ་ཡོད་པ་ནས་0.2%འཕར་ཏེ་དུས་མཚུངས་ལས་0.5%འཕར་བ་དང་འཕར་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། བཟོ་ལས་ཐོན་སྐྱེད་པའི་བཟོ་ཐོན་རིན་གོང་སྟོན་གྲངས(PPI)ཟླ་གོང་མ་ལས་0.4%ཆག་ནས་ཆག་ཚད་ཟླ་གོང་མ་དང་གཅིག་མཚུངས་ཡིན་པ་དང་དུས་མཚུངས་ལས་2.7%ཆག་སྟེ་ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2མང་དུ་ཕྱིན་ཡོད་པ་རེད།

    ཟླ་བསྡུར་ནས་བལྟས་ན། CPIཆག་པ་ནས་འཕར་ཏེ་འཕར་ཚད་དུས་ཚིགས་རང་བཞིན་གྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.2ཀྱིས་མཐོ་བ་ཡོད་པ་དེ་གཙོ་བོ་བཟའ་བཅའ་དང་ཕྱིར་སྐྱོད་ཞབས་ཞུ་བསྐྱར་འཕར་བྱུང་བ་ལས་སྐུལ་ཁྲིད་ཐུབ་ཡོད། བཟའ་བཅའི་རིན་གོང་ཟླ་གོང་མ་ལས་0.2%འཕར་ཏེ་དུས་ཚིགས་རང་བཞིན་གྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.4ཡིས་མཐོ་བ་དང་། དགོས་མཁོ་ཆེ་རུ་སོང་བ་དང་གུང་གསེང་དང་སྐབས་འཁེལ་བ་སོགས་རྐྱེན་གྱིས་ཕྱིར་སྐྱོད་ཞབས་ཞུའི་རིན་གོང་མངོན་གསལ་དོད་པོས་འཕར་ཡོད་པ་རེད།

    དུས་མཚུངས་དང་བསྡུར་ན། CPIཅུང་ཟད་ཆག་པ་ནི་གཙོ་བོ་རྒྱལ་སྤྱིའི་སྣུམ་གོང་ཆག་པའི་ཤུགས་རྐྱེན་ཐེབས་པས་རེད། ནུས་རྒྱུའི་རིན་གོང་དུས་མཚུངས་ལས་4.8%ཆག་སྟེ་ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་2.2མང་དུ་ཕྱིན་པ་དང་། བཟའ་བཅའི་རིན་གོང་0.2%ཆག་སྟེ་ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.2ཉུང་དུ་ཕྱིན་པ་དེས་CPIལ་ཤུགས་རྐྱེན་ཐེབས་ནས་བརྒྱ་ཆའི་གྲངས་0.03ཆག་པ་དང་། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་པའི་ལྟེ་བའི་CPI0.5%འཕར་ནས་འཕར་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།