རུས་སྒྲོམ་ཕྱིར་མངོན་གྱི་ཨའོ་ཧྲ་རིག་ནུས་འཕྲུལ་མི།
མི་ལུས་ཀྱི་བདེ་འཇགས་འགན་ལེན་ཐུབ་པ་མ་ཟད། ལས་ཕྱོད་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།
འདི་ནི་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་གཏེར་ལས་དང་ཐོན་ཁུངས་འགྲེམས་ཚོགས་ཐོག་ལྟ་སྐོར་བས་རུས་སྒྲོམ་ཕྱིར་མངོན་གྱི་ཨའོ་ཧྲ་རིག་ནུས་འཕྲུལ་མི་སྤྱད་ནས་ཅ་དངོས་ལྗིད་པོ་འདེགས་བཞིན་པ།
འདི་ནི་ལྟ་སྐོར་བས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཐོག་རུས་སྒྲོམ་ཕྱིར་མངོན་གྱི་ཨའོ་ཧྲ་རིག་ནུས་འཕྲུལ་མི་ཚོད་སྤྱོད་བྱེད་བཞིན་པ།
འཇར་མན་གྱི་པཱ་ཏེང་—ཧྥུའུ་ཐེང་པའོ་ཀྲོའུ་ཝར་ཏ་ཧོ་ཐར་དུ་ཡོད་པའི་འཇར་མན་གྱི་ཧུའེ་ཡུས་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནང་། ཡུལ་དེའི་ལས་མི་ཁ་ཤས་ཀྱིས་རུས་སྒྲོམ་ཕྱིར་མངོན་གྱི་འཕྲུལ་མིའི་ཆས་སྤྲས་ནས་ལྷུ་ལག་ཆེ་གྲས་ཚང་མ་དབོར་བཞིན་མཆིས། ཧྲང་ཧའེ་ཨའོ་ཧྲ་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་སིས་ཞིབ་སྤེལ་བྱས་པའི་འཕྲུལ་མིའི་ཆས་དེ་དག་མིའི་ལག་པ་དང་། སྐེད་པ། རྐང་པ་སོགས་སུ་གྱོན་ཆོག་པ་དང་། མི་ཐབས་རིག་ནུས་ལ་བརྟེན་པས་སྤྱོད་མཁན་ཚོའི་ཅ་དངོས་ལྕི་པོ་འཁུར་བའི་ཁུར་པོ་ཡང་དུ་བཏང་ནས་ཁོང་ཚོའི་མི་ལུས་བདེ་འཇགས་འགན་ལེན་ཐུབ་པ་མ་ཟད། ཐོན་སྐྱེད་ལས་ཕྱོད་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
ཨའོ་ཧྲ་རིག་ནུས་ཁྲོམ་རའི་སྤྱི་ཁྱབ་ལྟ་ཞིབ་པ་ཀྲང་ཧྭ་ཡིས་ཀུང་སིའི་རུས་སྒྲོམ་ཕྱིར་མངོན་གྱི་འཕྲུལ་མི་དེ་དག་བཟོ་ལས་དབོར་འདྲེན་དང་། ཕྱི་རོལ་གྱི་འཕྲལ་སྡོམ། སྨན་བཅོས་ལུས་གསོ་སོགས་ཀྱི་ཉེར་སྤྱོད་བྱ་ཡུལ་མང་པོར་ཁྱབ་པ་དང་། མིག་སྔར་འཇར་མན་སོགས་ཕྱི་རྒྱལ་ཁྲོམ་རའི་རྩེར་སོན་བཟོ་སྐྲུན་ཁེ་ལས་ཁག་གཅིག་གི་དགའ་བསུ་ཐོབ་ཡོད། རུས་སྒྲོམ་ཕྱིར་མངོན་གྱི་འཕྲུལ་མིར་བརྟེན་པས་སྤྱོད་མཁན་ཚོས་ལག་པས་དངོས་ཟོག་དབོར་བའི་ཁུར་པོ་ཡང་དུ་ཕྱིན་ཏེ་དེ་སྔོན་བཟོ་པས་སྒྲུབ་ཐབས་བྲལ་བའི་སྒྲིག་སྦྱོར་ཐོན་སྐྱེད་ཁག་གཅིག་ཀྱང་ལེགས་གྲུབ་ཐུབ་སྲིད་པར་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
“རུས་སྒྲོམ་ཕྱིར་མངོན་གྱི་འཕྲུལ་མིས་ངལ་རྩོལ་ཤུགས་ཚད་མཐོ་བ་དང་ལས་ཀ་དཀའ་ཚེགས་ཆེ་བ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཐུབ་པས་ང་ཚོའི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་སོང” འཇར་མན་ཧུའེ་ཡུས་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་མཱ་ཁུའུ་སི·ཁའེ་ལེ་ཡིས་རིགས་ཁག་གི་ཐོན་རྫས་དང་བསྡུར་ན་རུས་སྒྲོམ་ཕྱིར་མངོན་གྱི་ཨའོ་ཧྲ་རིག་ནུས་འཕྲུལ་མིའི་ལྗིད་ཚད་ཡང་བ་དང་། རམ་འདེགས་ནུས་པ་ཆེ་བ། ནུས་གོང་གཉིས་བསྡུར་དེ་བས་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ཅེས་བརྗོད།