ཅེ་ཧྥེའི་ཚན་རྩལ་ཞིང་ལས་ཀྱི་མི་མེད་གནམ་གྲུ།
གནད་སྨིན་རང་འགུལ་ངང་འགལ་རྐྱེན་དངོས་པོར་གཡོལ་ཐུབ་པས་དགོས་མཁོ་མང་པོ་བསྐངས་པ།
འདི་ནི་ཆི་ལིའི་སན་ཐེ་ཡ་ཀོའི་ཐ་ལ་ཀན་ཐེ་གྲོང་ཁྱེར་དུ་སྤེལ་བའི་ལག་རྩལ་དངོས་མང་སྟོན་ཚོགས་ཐོག་ལས་དོན་པས་ཅེ་ཧྥེ་ཚན་རྩལ་ཞིང་ལས་མི་མེད་གནམ་གྲུའི་བྱེད་ནུས་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་ལས་དོན་པས་ཅེ་ཧྥེ་ཚན་རྩལ་ཞིང་ལས་མི་མེད་གནམ་གྲུ་སྤྱད་ནས་ཆི་ལིའི་རྙོག་འཛིང་ཆེ་བའི་རི་ཁུལ་དང་ནགས་ཁུལ་དུ་ལྗོན་ཤིང་ལ་ལུད་རྒྱག་རྩིས་བྱེད་བཞིན་པ།
ཆི་ལིའི་དབུས་རྒྱུད་ཀྱི་ཨའོ་དབྱི་ཅིན་སི་ཁུལ་ཆེན་ཧྲེང་ཧྥེ་ནན་ཏུའོ་གྲོང་འདབས་ཀྱི་ཞིང་ཁའི་ནང་མི་མེད་གནམ་གྲུ་གཏོང་མཁན་མཱ་ལི་ཨའོ་ལི·ཁཱ་ལཱ་སི་ཁོའོ་ཡིས་ཞིང་ལས་མི་མེད་གནམ་གྲུ་བཏང་ནས་རྩྭ་ངན་བཀོག་སྟེ་རྨོ་འདེབས་ལ་གྲ་སྒྲིག་བྱེད་བཞིན་ཡོད། མི་མེད་གནམ་གྲུས་གཏན་འཁེལ་བའི་ཁྱབ་ཁོངས་དང་གཏོར་འགྲེམ་གྱི་དཔྱད་གྲངས་ལྟར་རྩྭ་ངན་བཀོག་སྨན་ཞིང་ནང་དུ་གཏོར་ཏེ་དལ་བུར་ཁོང་གི་འགྲམ་དུ་བབས།
ཤེས་རྟོགས་བྱུང་བར་གཞིགས་ན། ཅེ་ཧྥེ་ཚན་རྩལ་ཞིང་ལས་མི་མེད་གནམ་གྲུས་རང་བརྟེན་ངང་ས་བཀྲ་ཞིབ་ཚགས་པོ་བཟོ་ཐུབ་པ་མ་ཟད། ད་དུང་འགལ་རྐྱེན་དངོས་པོར་རང་འགུལ་ངང་ཟུར་མཆན་ཡང་འགོད་ཐུབ། མི་མེད་གནམ་གྲུ་གཏོང་མཁན་གྱིས་བཀོད་སྒྲིག་བྱས་པའི་ཞིབ་ཕྲའི་ལས་འགན་གཞིར་བཟུང་ལས་སྒྲུབ་ལམ་ཐིག་ཡག་ཤོས་རང་བརྟེན་འཆར་འགོད་བྱེད་ཀྱི་ཡོད། རྨོ་འདེབས་བྱེད་རིང་མི་མེད་གནམ་གྲུས་འཕུར་སྐྱོད་ཀྱི་མྱུར་ཚད་དང་ས་དབྱིབས་གཞིར་བཟུང་ཆུ་གཏོར་མྱུར་ཚད་སྙོམ་སྒྲིག་བྱས་ཏེ་སླར་ཡང་གཏོར་བ་དང་གཏོར་རྒྱུར་ལུས་པའི་སྣང་ཚུལ་ཐོན་ཉུང་དུ་འགྲོ་ཐུབ་ཡོད། ཞིང་སྨན་གཏོར་སྐབས་འཕུར་སྐྱོད་ཚོད་འཛིན་རྩིས་ཐབས་དང་ཚོར་ཆས་ལག་རྩལ་བརྒྱུད་གནད་སྨིན་ངང་ཞིང་སྨན་གཏོར་ཐུབ་པ་དང་སྦྲགས་འཕྲོ་བརླག་མི་འགྲོ་བ་བྱེད་ཐུབ།