བདེ་འཇགས་རྒྱུན་ཤེས།
ནུས་མང་གཅིག་འདུས་ཁུལ་གྱི་མེ་ཟོན་བདེ་འཇགས་དྲན་སྐུལ།
ནུས་མང་གཅིག་འདུས་ཁུལ་ཞེས་པ་ནི་ཞག་སྡོད་དང་མཉམ་དུ་ཐོན་སྐྱེད་དང་གསོག་འཇོག གཉེར་སྐྱོང་བཅས་གསུམ་ཁྲོད་ཀྱི་སྣ་ཁ་གཅིག་གམ་ཡང་ན་སྣ་ཁ་གཅིག་ཡན་གྱི་བེད་སྤྱོད་བྱེད་ནུས་སྒྲིག་འགལ་ངང་བར་མཐོངས་གཅིག་ནང་བཀོད་སྒྲིག་བྱས་པའི་བཟོ་སྐྲུན་ལ་ཟེར། དེའི་ས་བཟུང་རྒྱ་ཁྱོན་ཆུང་བ་དང་མ་འཇོག་བྱེད་ཉུང་བ་སོགས་ཀྱི་ཁྱད་ཆོས་དབང་གིས་མི་ཁ་ཤས་ཀྱིས་བརྩོན་ལེན་བྱེད་ནའང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་བས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བཞིན་ཡོད།
གཅིག ནུས་མང་གཅིག་འདུས་ཁུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན།
1.བཟོ་སྐྲུན་ཚད་ལྡན་མིན་པ་དང་མེ་གསོད་སྒྲིག་བཀོད་ཞན་པ། ནུས་མང་གཅིག་འདུས་ཁུལ་གྱི་བཟོ་སྐྲུན་མང་ཆེ་བར་མེ་ཟོན་སྡེ་ཚན་གྱི་ཞིབ་དཔྱད་དང་རྩིས་ལེན་བྱུང་མེད་ཅིང་། དེའི་བཟོ་སྐྲུན་ནང་ཁུལ་གྱི་མཛེས་བཟོ་དང་། ཐོན་སྐྱེད་བྱེད་ནུས་དབྱེ་ཁུལ། ལས་བཟོའི་ཉལ་ཁང་བཀོད་སྒྲིག་སོགས་རང་འདོད་རང་བཞིན་ཆེ་བའི་ཁར། བཟོ་སྐྲུན་གྱི་མེ་འགོག་རིམ་པ་དམའ་བ་དང་། ཁ་འགྲེམས་ཉེན་གཡོལ་གྱི་ཆ་རྐྱེན་ཞན་པ། མེ་ཟོན་སྒྲིག་བཀོད་ཉུང་བ། མེ་སྐྱོན་ཐོན་ཚད་ཆེ་བ། མེ་འགོག་བར་ཐག་ཆུང་བ་སོགས་མེ་ཟོན་གྱི་མངོན་མེད་རྐྱེན་ངན་ཡོངས་ཁྱབ་ཏུ་གནས་ཡོད།
2.འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་དོ་དམ་གོ་དེ་ཙམ་མི་ཆོད་པ། ནུས་མང་གཅིག་འདུས་ཁུལ་མང་ཆེ་བར་མི་ཚོགས་མང་བ་དང་། གློག་སྐུད་གང་བྱུང་དུ་འཐེན་པ་དང་སྦྲེལ་བ། སྒྲིག་ཆས་རྙིང་བ། རྒྱུ་ཆའི་ངོ་བོ་རྙོག་འཛིང་ཆེ་བ། མཛོད་ཁང་ནང་དངོས་ཟོག་གང་བྱུང་དུ་བཞག་པ་དང་ཕུང་གསོག་ཐེབས་པ་བཅས་ཀྱི་རྐྱེན་པས། མེ་སྐྱོན་ཐོན་ཚེ་གོ་རིམ་མེད་པ་དང་། མེ་དུས་ཐོག་ཏུ་གསོད་པ་དང་ཉེན་གཡོལ་སྒྲིག་འཛུགས་བྱེད་དཀའ་བ་མ་ཟད། མི་སྣ་ཤི་རྨས་ཀྱང་འབྱུང་སླ།
3.བདེ་འཇགས་འདུ་ཤེས་ཞན་པ་དང་རང་སྐྱོབ་ནུས་པ་ཞན་པ། ནུས་མང་གཅིག་འདུས་ཁུལ་གྱི་མི་སྣ་མང་ཆེ་བའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཞན་པ་དང་། དེ་མཚུངས་ཀྱི་མེ་ཟོན་གསོ་སྦྱོང་མི་འདང་བ། མེ་གསོད་དང་ཉེན་གཡོལ་གྱི་རྒྱུན་ཤེས་མི་ཤེས་པ་བཅས་ཀྱི་དབང་གིས། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་མེ་སྐྱོན་ཐོན་མ་ཐག་ཁོང་ཚོའི་ཐག་གཅོད་ནུས་པར་ཚོད་འཛིན་ཐེབས་ཀྱི་ཡོད།
གཉིས ནུས་མང་གཅིག་འདུས་ཁུལ་གྱི་མེ་ཟོན་ཇི་ལྟར་བྱེད་དགོས།
1.བེད་སྤྱོད་ཀྱི་ངོ་བོ་ཚོད་འཛིན་ནན་པོ་བྱེད་པ། མེ་སྐྱོན་གྱི་ཉེན་ཁའི་རང་བཞིན་རིགས་ཀ་པ་དང་ཁ་པ་ལྡན་པའི་ཐོན་སྐྱེད་དང་། གསོག་ཉར། གཉེར་སྐྱོང་སོགས་ཀྱི་ས་ཆའམ་ཡང་ན་བཟོ་སྐྲུན་ནང་ཞག་སྡོད་བྱེད་ས་དང་ཉལ་ཁང་རྩ་བ་ནས་བཟོ་མི་ཆོག
2.མེ་འགོག་དབྱེ་འབྱེད་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། སྒོ་དང་སྒེའུ་ཁུང་མ་བཏོན་པའི་མེ་འགོག་གྱང་དང་མེ་འགོག་ཚད་ཐིག་ཆུ་ཚོད་1.5ལས་མི་ཉུང་བའི་ཐོག་པང་སྤྱད་དེ་ཞག་སྡོད་བྱེད་ས་དང་ཞག་སྡོད་མིན་པའི་ཆ་ཤས་གཉིས་རྦད་དེ་ཁག་སོ་སོར་དབྱེ་དགོས།
3.ཉེན་གཡོལ་ཁ་འགྲེམས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ཞག་སྡོད་བྱེད་ས་དང་ཞག་སྡོད་བྱ་ཡུལ་མིན་པའི་གནས་སོ་སོར་རང་ཚུགས་ཀྱི་ཁ་འགྲེམས་སྒྲིག་བཀོད་རྐྱང་པ་འཛུགས་དགོས། ས་ཆ་དེ་གའི་ཁ་འགྲེམས་སྒོ་ནི་ཁ་འགྲེམས་ཕྱོགས་སུ་ཕྱེ་བའི་སྙོམས་འབྱེད་སྒོ་སྤྱོད་དགོས་པ་མ་ཟད། མེ་སྐྱོན་ཐོན་སྐབས་ནང་ངོས་ནས་འབྱེད་ཐུབ་པ་དགོས།
4.མེ་ཁུངས་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ནུས་མང་གཅིག་འདུས་ཁུལ་དུ་ཐབ་ཚང་ཕུད་གཞན་དག་ཏུ་གཤེར་འགྱུར་རྡོ་སྣུམ་སྣུམ་རླངས་དང་། ཤོག་སྦག བཀྲག་རྩི། རླངས་སྣུམ་སོགས་འབར་སླ་བ་དང་འབར་རུང་བའི་དངོས་རྫས་བེད་སྤྱོད་དང་ཉར་ཚགས་བྱེད་མི་རུང་། ཞག་སྡོད་མི་སྣས་མལ་ཁྲིའི་ཐོག་ཐ་མག་འཐེན་མི་ཆོག་པ་དང་། ཕྲུ་གུར་མེ་རྩེད་རྩེད་དུ་མི་འཇུག་པར་མེ་ཁུངས་དང་རྒྱང་བཀྱེད་པའི་ཁ་ཏ་བྱེད་དགོས།
5.འབར་རུང་བའི་རྒྱུ་ཆ་བེད་སྤྱོད་ཚོད་འཛིན་ནན་པོ་བྱེད་པ། བཟོ་བཀོད་ཀྱི་གནམ་གཅལ་དང་གྱང་ངོས་སོགས་ཀྱི་མཛེས་བཟོའི་ཐད་འབར་མི་ཐུབ་པའམ་ཡང་ན་འབར་དཀའ་བའི་རྒྱུ་ཆ་སྤྱོད་དགོས། ཕྱི་རོལ་གྱི་བརྡ་ཁྱབ་བྱང་བུ་དང་ཉི་འགོག་ཁང་པ་སོགས་ལ་འབར་མི་ཐུབ་པའམ་ཡང་ན་འབར་དཀའ་བའི་རྒྱུ་ཆ་སྤྱད་ནས་བཟོ་དགོས།
6.ལག་རྩལ་གྱི་སྔོན་འགོག་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ཁ་འགྲེམས་བགྲོད་ལམ་དང་། ཞག་སྡོད་བྱེད་ས། མེ་སྐྱོན་གྱི་ཉེན་ཁ་ལྡན་པའི་ཁང་པ། ཁ་འགྲེམས་ཐེམ་སྐས་བཅས་ཀྱི་ཐོག་ཁར་རང་འགུལ་ཆུ་གཏོར་མེ་གསོད་མ་ལག་དང་། མེ་སྐྱོན་གྱི་རང་འགུལ་ཉེན་བརྡའི་མ་ལག ཡང་ན་ཁེར་རྐྱང་གི་དུ་སྨུག་ཚོར་བའི་མེ་སྐྱོན་འཚོལ་ཞིབ་ཉེན་བརྡའི་ཡོ་བྱད་བཅས་སྤྱོད་དགོས། ས་ཆ་དེ་གར་མེ་གསོད་ཡོ་བྱད་དང་མེ་ཟོན་འཕྲལ་སྡོམ་གློག་སྒྲོན་བསྒར་དགོས།
7.དམིགས་བསལ་གྱི་དྲན་སྐུལ། ནུས་མང་གཅིག་འདུས་ཁུལ་དུ་ངེས་པར་དུ་ཁང་པའི་ཕྱི་རོལ་གྱི་ཁ་འགྲེམས་ཐེམ་སྐས་གཞན་བཟོ་དགོས། ཞག་སྡོད་བྱེད་མཁན་མི་ལྔ་ལས་བརྒལ་མི་རུང་བ་དང་བཟོ་སྐྲུན་གྱི་ཐོག་སོ་བཞི་ལས་མི་བརྒལ་བའི་ས་ཆར་ཉེན་གཡོལ་སྒེའུ་ཁུང་བཟོ་བ་དང་། ཉེན་གཡོལ་སྐས་འཛེག་དང་ཉེན་གཡོལ་དལ་འབེབས་ཡོ་བྱད་བཀོད་སྒྲིག་བྱེད་པའམ་ཡང་ན་ཉེ་འགྲམ་གྱི་བཟོ་བཀོད་ཁང་པར་སྐྱོད་པའི་བགྲོད་ལམ་བཟོ་བ་སོགས་ལ་བརྟེན་ནས་ཉེན་གཡོལ་ཐོན་སྒོ་གཉིས་པ་བྱེད་དགོས།
(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)
མུ་མཐུད་འགོད་རྒྱུ།