དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐུར་སྐྱེལ་ཞབས་ཞུའི་དྲ་བ་སྔར་བས་ཚགས་དམ་དུ་ཕྱིན་ནས་ནུབ་རྒྱུད་ས་ཁུལ“སྐུར་གླ་མི་དགོས་པའི”ཁོངས་སུ་ཚུད་པ།

    “ནུབ་རྒྱུད་སྦྲག་སྐྱེལ”གྱིས་བོད་དུ་ལེའུ་གསར་པ་རྩོམ་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧན་ཤིན།   |     སྤེལ་དུས།  2025-05-19

    འདི་ལོའི་དུས་ཚིགས་དང་པོར། རིམ་རྩིས་བརྒྱབ་ན། རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར་451.4ཟིན་པ་དེ་དུས་མཚུངས་ལས་21.6%འཕར་བའི་ཁྲོད། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་གྱི་བསྡུར་ཚད་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.6འཕར་ཡོད།

    སྐྱེལ་སྟངས་གསར་གཏོད་ཀྱིས་སྡེབ་སྐྱེལ་བརྒྱུད་སྤྲོད་བྱས་པ་ལས་ལས་ཀའི་མྱུར་ཚད་སྔར་བས་མགྱོགས་སུ་ཕྱིན་པ་དང་། ཉོ་སྒྲུབ་ཀྱི་གསལ་ཐོ་ཁ་གསལ་ཞིང་དངོས་ཟོག་ཆེ་རིགས་ཡོད་པ་མ་ཟད་སྣ་ཁའང་ཕུན་སུམ་ཚོགས་སུ་སོང་བ། སྐུར་སྐྱེལ་ལམ་ཐིག་གསར་དུ་བཏོད་པས་རྫོང་དང་གྲོང་ཚོར་འབྱོར་ནས་ཁྱབ་རྒྱ་ཆེ་རུ་སོང་བ་བཅས་ལས། ནུབ་རྒྱུད་ས་ཁུལ“སྐུར་གླ་མི་དགོས་པའི”ཁོངས་སུ་མངོན་འགྱུར་བྱུང་ཡོད།

    གཟའ་འཁོར་གཅིག་ནང་། ཅིང་ཏུང་མྱུར་སྐྱེལ་ཀུང་སི་མངའ་རིས་སེང་གེ་ཁ་འབབ་ལས་གཉེར་པུའི་འགན་འཁུར་བ་ལི་ཏུང་གིས“འཛམ་གླིང་ཡང་རྩེར”རླངས་འཁོར་བཏང་ནས་སྤྱི་ལེ་800ལྷག་ཙམ་བསྐྱོད་ཡོད།

    མལ་གྲོ་གུང་དཀར་རྫོང་དང་ལྷུན་གྲུབ་རྫོང་ནས་ལྷ་ས་གྲོང་ཁུལ་བར་ཅུང་ཐག་རིང་བས་ཕར་ཚུར་བསྐྱོད་པར་ཆུ་ཚོད་གཉིས་ལྷག་ཙམ་འགོར་བ་དང་། ཐག་རིང་ཤོས་ཀྱི་ཤང་དང་གྲོང་ཚོའི་བར་ལའང་རྫོང་གྲོང་ནས་ལམ་ཐག་སྤྱི་ལེ་70ཡོད་པས། ཡུལ་མིས་བསྐུར་མ་སྐུར་ལེན་བྱེད་པར་རྫོང་གྲོང་གི་ས་ཚིགས་སུ་འགྲོ་དགོས་ཀྱི་ཡོད། བསྐུར་མ་གྲོང་ཚོར་སླེབས་ཐུབ་པའི་ལམ་ཐིག་སྟབས་བདེ་ཤོས་ཤིག་གཏོད་ཆེད། ལི་ཏུང་གིས་འགྲོ་ཐེངས་གཅིག་ལ་རྫོང་དེ་གཉིས་ཀྱི་ཤང་4དང་གྲོང་ཚོ་7ལ་བསྐྱོད་ཡོད།

    “ས་གནས་དེ་གའི་ཁེ་ལས་དང་གྲོས་མོལ་བྱེད་ཞོར་གྲོང་ཚོའི་ཞིང་དུད་དང་ཅི་འཕྲོས་མོལ་འཕྲོས་བྱས་དོན་ནི་གྲོང་ཚོ་རིམ་པའི་རང་གཉེར་ས་ཚིགས་འཚམ་པོ་ཞིག་བཙལ་ཏེ་སྐྱེལ་འདྲེན་ལམ་ཐིག་ཡག་ཤོས་ཤིག་གཏན་འཁེལ་ཡོང་བའི་ཆེད་དུ་ཡིན”ཞེས་ལི་ཏུང་གིས་བཤད། འཚོལ་ཞིབ་ཐེངས་མང་བྱས་མཐར་མལ་གྲོ་གུང་དཀར་རྫོང་དང་ལྷུན་གྲུབ་རྫོང་གཉིས་ཅིང་ཏུང་ཀུང་སིའི་རང་གཉེར་གྱི་བསྐུར་སྐྱེལ་ཁྱབ་ཁོངས་སུ་བཅུག་ཐུབ་པ་བྱུང་ཞིང་། དེ་ནས་བཟུང་ལྷ་ས་ནས་ས་གནས་གཉིས་ཀྱི་ཤང་མང་པོར་ཤར་གཏོང་ཐུབ་པའི་ཟོག་འགྲེམས་ལམ་བུ་ཞིག་ཤར་གཏོང་ཐུབ་པ་རེད།

    ཟོག་འགྲེམས་ཀྱི་ལམ་བུ་རེ་རེ་ཤར་གཏོང་ཐུབ་པ་དེ་ཁབ་སྐུད་དང་འདྲ་བར་བསྐུར་སྐྱེལ་གྱི་ལམ་བུ་རེ་རེ་ཡང་དེ་ལྟར་ཤར་གཏོང་ཐུབ་ཡོད།

    2011ལོར་ལྷ་སའི་སྡེབ་སྐྱེལ་ས་ཚིགས་ཐོག་མ་བཙུགས་པ་ནས་2023ལོར་ལྗོངས་ཡོངས་སུ་ཁྱབ་པའི་རྫོང་དང་ཆུས་རིམ་པའི་དྲ་ཚུགས་43བཙུགས་པའི་བར། ཅིང་ཏུང་མྱུར་སྐྱེལ་ཀུང་སིས་གངས་ལྗོངས་ས་མཐོར་ནུས་ཕྱོད་ཆེ་བའི་ཟོག་འགྲེམས་དྲ་བ་ཞིག་བཙུགས་ཡོད། ད་ཆ། ལྷ་སའི་ཁུལ་དུ“ཉིན་དེ་རང་དུ་སྐྱེལ་ཐུབ་པ”དང་ཉིང་ཁྲི་དང་གཞིས་རྩེ་སོགས་ཀྱི་ས་ཁུལ་དུ“ཉིན་གཉིས་པར་སྐྱེལ་ཐུབ་པ”བྱུང་བ་མ་ཟད། ཅུང་ཐག་རིང་ལུང་ཁུག་གི་མངའ་རིས་ས་ཁུལ་དུ་ཡང་ཉིན་3ནས་4ཡི་ནང་ཚུན་དུ་སྡེབ་སྐྱེལ་ཐུབ་ཀྱི་ཡོད།

    “གློག་ཚོང་ནུབ་འདྲེན”གྱི་སྐུལ་ཁྲིད་འོག འདྲེན་ནུས་ཆེ་རུ་ཕྱིན་ནས་མྱུར་སྐྱེལ་བསྐུར་མ་བོད་དུ་གང་མགྱོགས་འབྱོར་ཐུབ་ཀྱི་ཡོད། ན་ནིང་། བོད་ལྗོངས་ས་ཁུལ་གྱི་མྱུར་སྐྱེལ་བསྡུ་ལེན་གྲངས་འབོར་ཁྲི་3000ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་23%ཙམ་འཕར་བ་དང་། བསྐུར་མ་སྐྱེལ་ཚད་དུང་ཕྱུར་1.2ཟིན་པ་དེ་དུས་མཚུངས་ལས་25.7%འཕར་ནས་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། སྦྲག་ལས་ལས་གཉེར་དྲ་ཚུགས་754དང་། གྲོང་ཚོ་རིམ་པའི་སྦྲག་ལས་ས་ཚིགས་4641 མྱུར་སྐྱེལ་དྲ་ཚུགས་811བཅས་ཟིན་ནས་མྱུར་སྐྱེལ་ཞབས་ཞུ་གངས་ལྗོངས་ས་མཐོའི་གང་སར་ཁྱབ་ཐུབ་ཡོད།

    “ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་བརྒྱུད། འབྲེལ་ཡོད་བྱེད་པོས་སྡེབ་འདྲེན་བྱེད་སྟངས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཏེ། ནང་སོག་དང་། བོད་ལྗོངས། ཤིན་ཅང་སོགས་ནུབ་རྒྱུད་ཐག་རིང་མཐའ་མཚམས་ས་ཁུལ་དུ“‘དངོས་ཟོག་མི་བསྐུར་བ’དང‘སྦྲག་གླ་སྤྲོད་དགོས་པའི’གནད་དོན་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཡོད”ཅེས་རྒྱལ་ཁབ་སྦྲག་ལས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་དང་། ཁོང་གིས། ནུབ་རྒྱུད་ས་ཁུལ་ལ་ཕྱོགས་པའི་བསྐུར་སྐྱེལ་ཞབས་ཞུའི་དྲ་བ་སྔར་བས་ཞིབ་ཚགས་སུ་སོང་བ་དང་ཞབས་འདེགས་ཞུ་ནུས་སྔར་བས་ཆེ་རུ་སོང་བ་དེས། ས་གནས་དེ་གའི་འཛད་སྤྱོད་ལ་སྐུལ་སྤེལ་དང་དམངས་འཚོ་ལེགས་སུ་གཏོང་བར་ཕན་ཐོགས་བྱུང་ཡོད། གོམ་སྟབས་རྗེས་མར། ནུབ་རྒྱུད་ས་ཁུལ་གྱི་བསྐུར་སྐྱེལ་ཞབས་ཞུའི་དྲ་བ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྦྲག་སྐུར་གྱི་དགོས་མཁོ་སྔར་བས་ཡག་པོ་སྐོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

    ཡངས་ཤིང་རྒྱ་ཆེ་བའི་མཐའ་མཚམས་ས་ཁུལ་དང་ཐག་རིང་ལུང་ཁུག་གི་གྲོང་གསེབ་ཏུ། ཐུམ་སྒྲིལ་ཆུང་ངུ་རེ་རེས་སྦྲག་གླ་འགན་ལེན་ས་ཁུལ་ལ་འགྱུར་ནས་ཟོག་འགྲེམས་ལས་རིགས་ཀྱིས་ནུབ་རྒྱུད་ལ་ཞབས་འདེགས་ཞུ་བའི“ནུབ་རྒྱུད་སྦྲག་སྐྱེལ་གྱི་ཟིན་ཐོ་གསར་པ”ཞིག་གཏོད་བཞིན་ཡོད།

    (《མི་དམངས་ཉིན་རེའི་ཚགས་པར》གྱི་2025ལོའི་ཟླ་5ཚེས་14ཉིན་གྱི་པར་ངོས་7པའི་ཐོག་སྤེལ་བའི《སྦྲག་གླ་འགན་ལེན་ས་ཁུལ་གྱི་འཕོ་འགྱུར་གསར་པ》ཡི་ནང་དོན་གནད་བསྡུས་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།