ཆིང་ཏའོ་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་པས།
བརྒྱུད་རོགས་ཁྲིད་གསུམ་ལ་བརྟེན་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་བ།
ཉིན་ཤས་གོང་། ཆིང་ཏའོ་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག(གཤམ་དུ་སྨན་བཅོས་རུ་ཁག་ཅེས་བསྡུ་རྒྱུ)ཁག་བཅུ་པས་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱས་ནས་བོད་ནས་ཁ་བྲལ་བ་རེད། ལོ་གཅིག་རིང་། ཆིང་ཏའོ་གྲོང་ཁྱེར་གྱི་སྨན་ཁང་གསུམ་གྱི་སྟོབས་ཤུགས་རྩེ་གྲ་ལས་གྲུབ་པའི་སྨན་བཅོས་རུ་ཁག་གིས་སྨན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་འཆང་བཞིན་ས་མཐོར་སླེབས་པ་དང་། བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་སྒེར་སེམས་མེད་པའི་གཅེས་སེམས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་མང་ཚོགས་ལ་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཏེ། རང་ལྗོངས་ཀྱི་སྨན་བཅོས་བདེ་ཐང་འགན་སྲུང་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད་པ་རེད།
སྔོན་ཆད་སྨན་བཅོས་ཐོན་ཁུངས་ཁ་ཐང་བ་དང་ལག་རྩལ་ཞན་པ་སོགས་ཀྱི་རྐྱེན་པས། གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་ལ་ཁྲག་ཤེད་མཐོ་བའི་ནད་དང་། དོས་དྲག་འཇུ་བྱེད་ནས་ཁྲག་ཐོན་པ། མཁྲིས་པ་ན་ནས་དྲན་པ་ཐོར་བ་སོགས་ཀྱི་རྩད་ཆོད་དཀའ་བའི་ནད་རྟགས་ཐོན་སྐབས་ཐབས་ཤེས་གང་ཡང་མེད་པར་སྨན་ཁང་གཞན་དུ་སྒྱུར་དགོས་འཁེལ་གྱི་ཡོད། འོན་ཀྱང་སྨན་བཅོས་རུ་ཁག་སླེབས་པ་དང་བསྟུན་ནས་འཇུ་བྱེད་ཁོག་ནད་ཚན་ཁག་དང་། བརྙན་པར་ཚན་ཁག དོས་དྲག་རུས་ཚིགས་ཕྱི་ནད་ཚན་ཁག ཁ་སྦུག་ཚན་ཁག མིག་ནད་ཚན་ཁག ཞིབ་དཔྱད་ཚན་ཁག་བཅས་ཚན་ཁག་6གི་རིགས་གཅིག་མཁས་ཅན་གྱིས་ལོ་གཅིག་རིང་རིམ་རྩིས་བརྒྱབ་ན་རྩད་ཆོད་དཀའ་བའི་ཚབས་ལྕིའི་ནད་པ་མི་ཐེངས་150ལྷག་ཙམ་སྐྱོབ་བཅོས་བྱས་པས། ཐོག་མར་ལེ་དབར་སྟོང་ཕྲག་སྐྱོད་དགོས་པའི་ནད་པ་མང་པོ་ཁྱིམ་གྱི་སྒོ་འགྲམ་ནས་སྨན་བཅོས་ནུས་ལྡན་ཐུབ་ཡོད་པ་རེད།
“སྔོན་ཆད་ནད་གཞི་ལྕི་པོ་ཕོག་སྐབས་གོང་རིམ་སྨན་ཁང་ངམ་ཡང་ན་ས་ཆ་གཞན་དུ་འགྲོ་དགོས་པ་དང་། ད་ཆ་ཁྱིམ་གྱི་སྒོ་འགྲམ་ནས་སྨན་བཅོས་ཡག་པོ་ཐུབ་ཀྱི་འདུག ཆིང་ཏའོ་ཡི་སྨན་པ་ནི་ང་ཚོའི་བདེ་ཐང་གི་སྲུང་མ་ལྟ་བུ་ཡིན”ཞེས་སྨན་བཅོས་བྱས་མ་ཐག་པའི་བོད་རིགས་ནད་པ་ཞིག་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།
ཚན་ཁག་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད་སྨན་བཅོས་རུ་ཁག་གིས་ནུས་པ་གང་ཡོད་བཏོན་ཡོད་དེ། ཁོང་ཚོས་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་དང་ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་འཕྲོད་བསྟེན་ཁང་12ཀྱི་མྱུར་སྐྱོབ་དྲ་མིག་བསྐྲུན་པའི་ནང་ཧུར་ཐག་ཞུགས་པ་དང་། མྱུར་སྐྱོབ་སྨན་རྫས་སྤྱོད་པ་ནས་རྩ་ཆེའི་ཚེ་སྲོག་སྐྱོབ་པའི་བར་དང་། གློག་གི་འདར་སེལ་ཡོ་ཆས་བཀོལ་སྤྱོད་བྱེད་ཐབས་ནས་གློ་ཡུའི་ནང་སྦུ་གུ་འདྲེན་པའི་ལག་རྩལ་བར་གྱི་གསོ་སྦྱོང་ཚང་མ་ཞིབ་ཚགས་བྱས་པ། བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་ལ་མྱུར་སྐྱོབ་རྐྱང་ཚན་དང་དྲན་པ་གསོ་བའི་ཚོགས་ཆུང་2བཙུགས་པར་མྱུར་སྐྱོབ་དང་ལེན་གྱི་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་ནས་དོས་དྲག་སྨན་བཅོས་དང་མྱུར་སྐྱོབ་ཀྱི་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།
“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ”ཞེས་པ་ལྟར། སྨན་བཅོས་རུ་ཁག་གི་རུ་མི་ཚོས་ནམ་ཡང་གནས་ཐུབ་པའི་སྨན་བཅོས་དཔུང་ཁག་ཅིག་གཏོད་རྒྱུ་ནི་ཕུགས་ཕན་གྱི་འཆར་གཞི་ཡིན་པ་གསལ་པོར་ཤེས་ཀྱི་ཡོད། དེས་ན་ཁོང་ཚོ་དང་ས་གནས་དེ་གའི་སྨན་དོན་པའི་དབར“དགེ་རྒན་དགེ་ཕྲུག”ཆ་བསྒྲིགས་ནས་ནད་ཐོག་སྨན་བཅོས་ཀྱི་རོགས་ཁྲིད་བྱེད་སྐབས་ངང་རྒྱུད་རིང་པོས་ནད་དཔེ་རེ་རེ་བཞིན་ལ་འགྲེལ་བཤད་རྒྱག་པ་དང་། གཤགས་བཅོས་ཀྱི་དཔེ་སྟོན་སློབ་ཁྲིད་བྱེད་སྐབས་བཀོལ་སྤྱོད་བྱེད་སྟངས་རེ་རེ་བཞིན་སློབ་སྟོན་བྱེད་པ། རིག་གཞུང་འཆད་ཁྲིད་བྱེད་སྐབས་བུམ་པ་གང་བྱོའི་ཚུལ་གྱིས་སྔོན་ཐོན་ཤེས་བྱ་མཉམ་སྤྱོད་བཅས་བྱེད་ཀྱི་ཡོད། གསོ་སྦྱོང་ཐེངས་96དང་ལས་སྒོའི་རྐང་འཛིན་པ་16གསོ་སྐྱོང་བྱས་པ་ནི“རྒྱུག་མཐུད་འགྲན་བསྡུར”འདིའི་གྲུབ་འབྲས་ཡག་ཤོས་རེད། གཞན་ཡང་། སྨན་བཅོས་རུ་ཁག་གིས་ད་དུང་སྤེལ་རེས་ལས་སྟེགས་ཧུར་ཐག་བསྐྲུན་ཏེ་ས་གནས་དེ་གའི་ཕུལ་བྱུང་སྨན་དོན་པ་ལྗོངས་ཕྱིར་ཟབ་སྦྱོང་དུ་བསྐྱོད་པར་འོས་སྦྱོར་བྱས་པ་དང་། ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་བོད་དུ་མཛུབ་ཁྲིད་བྱེད་པར་གདན་དྲངས་ནས་ས་མཐོའི་སྨན་བཅོས་དཔུང་ཁག་དར་རྒྱས་ཆེ་བའི་ས་ཁུལ་དང་སྦྲེལ་མཐུད་ཐུབ་པར་བྱས་ཡོད།
“བོད་སྐྱོར་འགྲུལ་བཞུད་ཐེངས་གཅིག་གིས། ཚེ་གང་བོད་དང་ལས་དབང་འབྲེལ། བོད་སྐྱོར་གྱི་ལས་འགན་ལེགས་གྲུབ་བྱུང་ཡང་ང་ཚོ་དང་བོད་ལྗོངས་དབར་གྱི་ལས་དབང་སྔར་བཞིན་གཅིག་ཏུ་འབྲེལ་ཡོད། འབྱུང་འགྱུར་དགོས་མཁོ་ཡོད་ཕྱིན་ང་ཚོས་ཕྱིར་བཤོལ་གཏན་ནས་མི་རྒྱག་པར་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་སྟོབས་ཤུགས་སྐྱེས་སུ་འབུལ་ངེས་ཡིན”ཞེས་སྨན་བཅོས་རུ་ཁག་གི་རུ་དཔོན་ཡུས་ཡུན་ཕུང་གིས་བཤད།