ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་བརྒྱ་ཆའི་གྲངས་0.5དམའ་རུ་བཏང་བ།
ཚེས་15ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་བརྒྱ་ཆའི་གྲངས་0.5(ལག་བསྟར་བྱས་ཟིན་པའི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་5%ཡི་དངུལ་རྩའི་སྒྲིག་གཞི་ཚུད་མེད)དམའ་རུ་བཏང་བ་དང་། རླངས་འཁོར་དངུལ་རྩའི་ཀུང་སི་དང་དངུལ་རྩའི་བོགས་གཏོང་ཀུང་སིའི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་བརྒྱ་ཆའི་གྲངས་5དམའ་རུ་བཏང་ཡོད། དེ་ལས་འདི་ལོའི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་ཐེངས་དང་པོར་དམའ་རུ་གཏོང་བ་དངོས་སུ་ལག་བསྟར་བྱས་པ་མཚོན་གྱི་ཡོད།
ད་ཐེངས་ཀྱི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་དམའ་རུ་གཏོང་རྒྱུ་དེ་ཁག་གཉིས་སུ་དབྱེ་ཡོད་པ་སྟེ། ཕྱོགས་གཅིག་ནས་དངུལ་ཁང་ཆེ་གྲས་དང་དངུལ་ཁང་འབྲིང་གྲས་ལ་དམིགས་ནས་བཅོལ་དངུལ་གྲབས་འཇོག་བྱེད་ཚད་དམའ་རུ་གཏོང་བ་དེ་ཡིན་ཞིང་། ཁྲོམ་རར་ཡུན་རིང་གི་འཁོར་རྒྱུག་རང་བཞིན་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་མཁོ་འདོན་བྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་རླངས་འཁོར་དངུལ་རྩའི་ཀུང་སི་དང་དངུལ་རྩའི་བོགས་གཏོང་ཀུང་སིའི་བཅོལ་དངུལ་གྲབས་འཇོག་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དུས་མཚམས་རང་བཞིན་གྱི་སྒོ་ནས་དེའི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་མིག་སྔའི་5%ནས་0%བར་དམའ་རུ་གཏོང་རྒྱུ་རེད།
ཧྲང་ཧའེ་དངུལ་རྩ་དང་འཕེལ་རྒྱས་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་ཏུང་ཞི་མེའོ་ཡིས། ད་ཐེངས་ཀྱི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་དམའ་རུ་གཏོང་བ་དེས་ཁྲོམ་རའི་འཁོར་རྒྱུག་རང་བཞིན་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། དུས་ཐུང་གི་འཁོར་རྒྱུག་རང་བཞིན་གྱི་ཡོ་བྱད་རྒྱུན་བསྐོར་མཐུད་སྤྱོད་བྱེད་པ་བབ་མཐུན་འོས་འཚམ་གྱིས་ཉུང་དུ་བཏང་ནས་དུས་ཡུན་རིང་འབྲིང་གི་འཁོར་རྒྱུག་རང་བཞིན་གྱི་མཁོ་སྤྲོད་ཆེ་རུ་གཏོང་བ། དུས་མཚུངས་སུ་དངུལ་ཁང་གི་བུན་ཟུག་མ་གནས་དམའ་རུ་གཏོང་བ། དངུལ་ཁང་གི་བུན་ཟུག་གི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ། དངུལ་ཁང་གི་སྐྱེད་ཀ་མཐོ་བའི་བཅོལ་དངུལ་བསྡུ་ལེན་གྱི་སྒུལ་ཤུགས་ཞན་དུ་གཏོང་བ། དངུལ་ཁང་མིན་པའི་སྒྲིག་གཞིའི་མ་དངུལ་སྟོང་འཁོར་གྱི་རིན་ཁྱད་ཁེ་འཚོང་བར་མཐོངས་ཆུང་དུ་གཏོང་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད།