ད་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དངུལ་རྩའི་བསྡོམས་འབོར་བརྟན་པོའི་ངང་འཕར་བ།
ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་གསོག་འབོར་སྒོར་དུང་ཕྱུར་9259.51ཟིན་ནས་དུས་མཚུངས་ལས་10.73%འཕར་བ།
ཉིན་ཤས་གོང་། གསར་འགོད་པར་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ནས་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆའི་བསྡོམས་འབོར་དང་གྲུབ་ཆ་ཉིས་བརྩེགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ལྗོངས་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བར་རང་འགུལ་ངང་ཁྲིད་སྟོན་བྱས་པས། ལྗོངས་ཡོངས་ཀྱི་དངུལ་རྩའི་བསྡོམས་འབོར་བརྟན་པོའི་ངང་འཕར་ནས་ཡིད་རྟོན་དངུལ་བུན་འཕར་ཚད་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་དེ་དུས་མཚུངས་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་དང་ཧ་ལམ་མཚུངས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་གསོག་འབོར་སྒོར་དུང་ཕྱུར་9259.51ཟིན་ནས་དུས་མཚུངས་ལས་10.73%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.33གྱིས་མཐོ་བ་ཡོད་པ་དང་། ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6249.71ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་237.37མང་དུ་ཕྱིན་ནས་3.95%འཕར་བ། ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6535.4ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་65.9མང་དུ་ཕྱིན་ནས་1.02%འཕར་བ་དང་དུས་མཚུངས་ལས་2.05%འཕར་ཡོད་པ་རེད།
མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་དངུལ་ལོར་སྲིད་ཇུས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལིའུ་ཅེ་ཡིས་ངོ་སྤྲོད་བྱས་དོན། ད་ལོ་ཚུན་དུ་དངུལ་བུན་གྱི་གྲུབ་ཆའི་ཐད་དངུལ་རྩའི“ཁྱབ་ཁོངས་ཆེན་པོ་ལྔ”དང་། གཙོ་གནད་ཁྱབ་ཁོངས། དེ་བཞིན་ཉམས་ཞན་ལྷུ་ཚིགས་བཅས་ལ་རྒྱབ་སྐྱོར་བྱས་པ་ལས་མཚོན་པ་ཕུད། དུད་ཚང་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། དུས་ཐུང་གི་དངུལ་བུན་འཕར་ཚད་མགྱོགས་སུ་ཕྱིན་པ། འགག་རྩའི་ཁྱབ་ཁོངས་ཀྱི་དངུལ་བུན་བརྟན་པོའི་ངང་བསྐྱར་འཕར་བྱུང་བ་བཅས་རེད།