དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་ཧྭ་གློག་ཀུང་སིས་ས་མཐོའི་ཁྱད་ལྡན་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ཏེ།

    བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“ལྗང་མདོག་གི་སྒུལ་ནུས”བསྣན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-18

    འདི་ནི་བོད་ཀྱི་ཆན་ཝ་ཁྲི་བརྒྱ་རིམ་པའི་གློག་ཁང་དང་པོ་སྟེ་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་སོ་བ་ནང་གློག་ཁང་ཡིན་པ།

    ལོ་མང་རིང་། ཀྲུང་གོ་ཧྭ་གློག་ཀུང་སིས་འབྲི་ཆུའི་སྟོད་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞི་དང་བོད་དབུས་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་བསྐྲུན་ཏེ་སྐྱེ་ཁམས་སྔོན་འཇོག་དང་། ལྗང་མདོག་ཐཱན་ཉུང་། མཉམ་སྤྱོད་གཉིས་ཕན་བཅས་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“ལྗང་མདོག་གི་སྒུལ་ནུས”རྒྱུན་མཐུད་བསྣན་ཡོད་པ་རེད།

    འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱེད་པ།

    ཟླ་4ཚེས་15ཉིན། བོད་ཀྱི་ས་ཁོངས་ནང་གི་གློག་འདོན་ཚད་ཆན་ཝ་ཁྲི་བརྒྱ་ལས་བརྒལ་བའི་གློག་ཁང་དང་པོ་སྟེ། སོ་བ་ནང་ཆུ་ཤུགས་གློག་ཁང་བདེ་འཇགས་ལྡན་པའི་ངང་གཉེར་སྐྱོང་བྱས་ནས་ཉིན་1000སོང་ཡོད་པ་རེད། གློག་ཁང་དེ་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན་ཆུ་ཆུང་དུས་སུ་བོད་ལ་རིམ་རྩིས་བརྒྱབ་ན་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་5.52བཏང་ནས་རང་ལྗོངས་ཀྱི“དཀོན་ཆད་འབེལ་ལྷག”གི་གློག་སྤྱོད་ཀྱི་འགལ་བ་ནུས་ལྡན་ངང་ཞི་ལྷོད་དུ་བཏང་ཡོད་པ་རེད།

    ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་བོད་ཀྱི་ནང་མཁོའི་ཆུ་ཤུགས་གློག་ཁང་ཆེ་ཤོས་སྟེ། DGཆུ་ཤུགས་གློག་ཁང་ལོ་བཞི་བསྟུད་མར་བདེ་འཇགས་ཐོན་སྐྱེད་བྱས་པ་དང་ལོ་རེའི་གློག་ཤུགས་ཀྱིས་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་ལྔ་ཆ་གཅིག་ཙམ་ཟིན་གྱི་ཡོད་པ་རེད།

    ཟླ་5པའི་ཟླ་དཀྱིལ་དུ། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གཞན་ཞིག་སྟེ། འབའ་ཐང་ཆུ་ཤུགས་གློག་ཁང་གི་ཆན་ཝ་ཁྲི་25ཟིན་པའི་འཕྲུལ་ཚན་དང་པོ་དེ་དྲ་སྦྲེལ་ཐུབ་ནས་གློག་གཏོང་ཉེར་ཡོད་པ་མ་ཟད། ཟླ་9པར་ཆན་ཝ་ཁྲི་75ཡོངས་རྫོགས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་པ་རེད། སྔོན་དཔག་བྱས་ན་ལོ་མཇུག་ཏུ། སྒྱེ་པ་ཐང་ཆུ་ཤུགས་གློག་ཁང་གི་ཁག་དང་པོའི་གློག་ཤུགས་ཆན་ཝ་ཁྲི་102ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཆབ་མདོ་གྲོང་ཁྱེར་གྱི་འོད་ཤུགས་ཆན་ཝ་ཁྲི་260ཡང་ཐོན་སྐྱེད་བྱེད་འགོ་ཚུགས་ཉེར་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཧྭ་གློག་ཀུང་སིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་བ་དང་། ཆུ་རླུང་འོད་གསུམ་གསོག་འཇོག་གཞི་གཅིག་ཅན་གྱི་བྱ་ཐབས་ཐོག་ནས་གངས་ལྗོངས་ས་མཐོར་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་རྟེན་གཞི་ཞིག་བསྐྲུན་ཡོད། མིག་སྔའི་བར་བོད་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། སྐྲུན་བཞིན་པ། ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་དུས་མཚམས་ལ་གནས་པ་བཅས་ཀྱི་ནུས་རྒྱུ་གཙང་མའི་སྤྱིའི་གློག་འདོན་ཤུགས་ཆན་ཝ་ཁྲི་3000ཙམ་ཟིན་གྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་ཀྲུང་གོ་ཧྭ་གློག་ཀུང་སིས་བོད་དུ་མ་དངུལ་སྒོར་དུང་ཕྱུར་93.61བཏང་ནས་ལོ་དེ་རང་ལ་ལས་འགོ་བཙུགས་པ་དང་གློག་འདོན་ཤུགས་ཆན་ཝ་ཁྲི་977.6ལས་བརྒལ་བར་བྱ་རྩིས་ཡོད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་དུ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་490ལྷག་ཙམ་བཏང་ཡོད་པ་རེད།

    ལྗང་མདོག་གི་དཔེ་རིས་གསར་པ་བཀོད་པ།

    ལོ་མང་རིང་ཀྲུང་གོ་ཧྭ་གློག་ཀུང་སིས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་ལ་སྤྱི་འདོམས་བྱས་ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་གློག་ཁང་བསྐྲུན་པའི་དུས་འགོར་རྒྱལ་ནང་གི་ལྗང་མདོག་ཆུ་གློག་ཇུས་འགོད་ཀྱི་ཇུས་གཞི་ཐོག་མ་དེ་བཟོས་ནས་ཆུ་རྒྱུག་ཁོངས་ཀྱི་འཆར་འགོད་དུས་མཚམས་སུ་ཆུ་གཞུང་ཨ་མའི་རང་བྱུང་ཆུ་ལམ་37.4%སོར་ཉར་བྱས་པ་དང་འཛུགས་སྐྲུན་དུས་མཚམས་སུ་ཉ་རིགས་འཚོ་སྡོད་བྱ་ཡུལ་སྲུང་སྐྱོང་བྱས་པའི་ཆུ་ཕྲན་ཆུ་ལམ་སྤྱི་ལེ་500ཟིན་ནས་རང་རྒྱལ་གྱི་ཆུ་གློག་གསར་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་དང་དམངས་འཚོ་ཕན་ཚུན་མཐུན་སྦྱོར་བཅས་ཀྱི“འབྲི་ཆུའི་སྟོད་རྒྱུད་ཀྱི་བྱ་ཐབས”བཏོད་ཡོད་པ་རེད།

    སྒྱེ་པ་ཐང་ཆུ་ཤུགས་གློག་ཁང་གི་ཉ་རིགས་འཚོ་སྡོད་བྱ་ཡུལ་གྱི་སྲུང་སྐྱོང་དཔེ་མཚོན་2020ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དབུ་ཚོགས་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཡིག་ཆ་དང་2024ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་COP16ནུས་རྒྱུའི་ཕྱོགས་སྒྱུར་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་དཔེ་མཚོན་ནང་ཚུད་པ་དང་། འབའ་ཐང་ཆུ་ཤུགས་གློག་ཁང་གིས་ཆུ་གཞུང་ཨ་མའི་སྤྱི་ལེ་12ཀྱི་སོར་ཉར་ཆུ་ལམ་གྱི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད། སྔོན་དཔག་སྤྱད་འཐུས་རང་བཞིན་ཞིབ་འཇུག་དུས་མཚམས་སུ་འོས་སྦྱོར་བྱས་པའི་ཆུ་རགས་མདའ་ཐིག་སྨི་160ཙམ་གོང་སྤོ་བྱས་པ་དང་མ་འཇོག་སྒོར་དུང་ཕྱུར་2མང་དུ་བཏང་ནས་ཆུ་གློག་ལས་གྲྭས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་པ་བསྐྲུན་པའི་དཔེ་མཚོན་ཞེས་བསྔགས་པ། སོ་བ་རོང་ཆུ་ཤུགས་གློག་ཁང་གིས་བོད་ཀྱི་ཉ་རིགས་སྐྱེ་འཕེལ་ས་ཚིགས་ཆེ་ཤོས་དང་རྒྱལ་ནང་གི་ཉ་འཐེན་འཕྲུལ་ཆས་དང་སྡེབ་འདྲེན་ཉ་གྲུའི་ཕྱོགས་གཉིས་ཀྱི་རིག་ནུས་ཉ་སྒྲོལ་སྒྲིག་ཆས་ཐོག་མ་བསྐྲུན་པ། DGཆུ་ཤུགས་གློག་ཁང་འདི་ཉིད་འཛམ་གླིང་གི་ས་བབ་མཐོ་ཤོས་དང་གཟར་ཁྱད་ཆེ་ཤོས་ཀྱི་སྐྱེ་ཁམས་ཉ་ལམ་དུ་བསྐྲུན་པ་བཅས་རེད། ལོ་མང་རིང་ཀྲུང་གོ་ཧྭ་གློག་ཀུང་སིས་བོད་དུ་མི་ཐབས་ཀྱི་སྐྱེ་འཕེལ་ཉ་ཕྲུག་ཁྲི་569གློད་དེ་དངོས་སྒྲུབ་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་བཏོད་ཡོད་པ་རེད།

    བདེ་སྐྱིད་ཀྱི་ཞིང་ས་གཤིན་པོ་བཏོད་པ།

    འབྲི་ཆུའི་འགྲམ་ངོགས་ཀྱི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཟུར་སྡེ་ཤོད་ཤང་དུ་སྐྱོད་སྐབས་དེ་སྔའི་ཤིན་ཏུ་དབུལ་བའི་ཤང་འདི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ལོ་བཅུ་ལྷག་ཙམ་སོང་རིང་ཀྲུང་གོ་ཧྭ་གློག་ཀུང་སིས་རྣམ་གྲངས་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་རིམ་རྩིས་བྱས་ན་ས་ཆ་བསྡུ་ལེན་གྱི་གནས་སྤོས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་28.27སྤྲད་པ་དང་། སྒོར་དུང་ཕྱུར་7.4བཏང་ནས་གཙང་སྒྲོལ་ཟམ་ཆེན་7གསར་སྐྲུན་བསྐྱར་སྐྲུན་དང་འགྲིམ་འགྲུལ་གཞུང་ལམ་སྤྱི་ལེ་117ཉམས་བཟོ་བྱས་ནས་ས་གནས་དེ་གའི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་བ། གློག་ཤུགས་བོད་སྐྱོར་བྱས་ནས་གཙོ་གནད་ལས་གྲྭ་སྤྱད་དེ་འཚོ་རྟེན་ལས་སྤྲོད་ཀྱིས་ས་གནས་ཀྱི་རླངས་འཁོར་དང་ས་གནས་དེ་གའི་མང་ཚོགས་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པས་རིམ་རྩིས་བརྒྱབ་ན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.57ཙམ་བཏོད་པ། ཐེམ་ཁུངས་བོད་ནས་ཡིན་པའི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་98བསྡུས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་སློབ་མ་45ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་བྱས་པ་དང་ཆབས་ཅིག་ཧྭ་གློག་ཀུང་སིར་ལས་ཀ་སྤྲད་པས“གཞན་བརྟེན”ནས“རང་བརྟེན”བར་གྱི་རོགས་སྐྱོར་ལ་འགྱུར་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཀྲུང་གོ་ཧྭ་གློག་ཀུང་སིས་གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ལ་སྒོར་ཁྲི་1000ཞལ་འདེབས་བརྒྱབ་ནས་ཁོངས་གཏོགས་བོད་སྡོད་ཁེ་ལས་ཀྱིས་འཕྲལ་དུ་ས་གནས་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་གཏུག་བྱས་ཏེ་གེགས་ཁུལ་ལ་འཕྲལ་མཁོའི་དངོས་ཟོག་དོ་པོ་3700ཉོས་ཏེ་ས་ཡོམ་བརྒྱབ་རྗེས་ཆུ་ཚོད་24ནང་ཚུན་དུ་ཡོམ་འགོག་གེགས་སེལ་དངོས་ཟོག་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།