ཞི་ཅིན་ཕིང་གིས་ཝུ་ར་ཀུའེ་ཡི་ཙུང་ཐུང་ཟུར་པ་མུའུ་ཤིས་ཁཱ་སྐུ་གཤེགས་པར་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོར་ཤིས་ལ་མྱ་ངན་གློག་འཕྲིན་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུ་ར་ཀུའེ་ཡི་ཙུང་ཐུང་ཟུར་པ་མུའུ་ཤིས་ཁཱ་སྟབས་མི་ལེགས་པར་སྐུ་གཤེགས་པར་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོར་ཤིས་ལ་མྱ་ངན་གློག་འཕྲིན་བཏང་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་མྱ་ངན་ཟབ་མོ་ཞུས་གནང་བ་མ་ཟད། མུའུ་ཤིས་ཁཱ་ཡི་གཉེན་ཉེ་དང་ཝུ་ར་ཀུའེ་ཡི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཡང་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་སྐུ་ཞབས་མུའུ་ཤིས་ཁཱ་ནི་ཝུ་ར་ཀུའེ་ཡི་གྲགས་ཅན་འགོ་ཁྲིད་པ་ཞིག་རེད། ཁོང་གིས་སྐུ་ཚེ་གང་པོར་ཝུ་ར་ཀུའེ་ཡི་མི་དམངས་ལ་བདེ་རྩ་དོན་གཉེར་བྱས་པས་ཝུ་ར་ཀུའེ་ཡི་མི་དམངས་ཀྱིས་གུས་བཀུར་ཆེན་པོ་ཞུ་གི་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་སུའང་སྙན་གྲགས་ཅུང་ཆེན་པོ་ལྡན་ཡོད། ཁོང་སྐུ་འཚོ་བཞུགས་སྐབས་དུས་ཡུན་རིང་པོར་ཀྲུང་གོ་དང་ཝུ་ར་ཀུའེ་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞོལ་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁོང་སྐུ་གཤེགས་པ་ནི་ཀྲུང་གོའི་མི་དམངས་ལ་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་ཞིག་མེད་པར་གྱུར་ཡོད། ངས་ཀྲུང་གོ་དང་ཝུ་ར་ཀུའེ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཙུང་ཐུང་ཨོར་ཤིས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཝུ་ར་ཀུའེ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།