ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་རོགས་སྐྱོར་ཉིན་མོ་ཐེངས་སོ་ལྔ་པ་འཆར་ཉེར་ཡོད་པའི་མཚམས་སུ་ནན་བཤད་གནང་དོན།
རང་བརྩོན་དཔེ་བཟང་བའི་སྙིང་སྟོབས་སློབ་སྦྱོང་བྱས་ནས་དཔའ་ངར་ཆེན་པོས་དཀའ་ངལ་དང་འགྲན་སློང་ཁྱད་བསད་ཀྱིས་མི་ཚེའི་ཕུགས་འདུན་དོན་གཉེར་ཧུར་ཐག་བྱེད་དགོས།
ལི་ཆང་གིས་རྒྱལ་ཡོངས་རང་བརྩོན་དཔེ་བཟང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་སྔོན་ཐོན་པའི་གཟེངས་བསྟོད་ཚོགས་ཆེན་ཐེངས་བདུན་པའི་འཐུས་མིར་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། རྒྱལ་ཡོངས་རང་བརྩོན་དཔེ་བཟང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་སྔོན་ཐོན་པའི་གཟེངས་བསྟོད་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་སྐྱོར་ཉིན་མོ་ཐེངས་སོ་ལྔ་པ་འཆར་ཉེར་ཡོད་པའི་མཚམས་སུ། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་། དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ། སྔོན་ཐོན་མི་སྒེར་བཅས་ལ་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དབང་པོ་སྐྱོན་ཅན་དང་། དེའི་གཉེན་ཉེ། དབང་པོ་སྐྱོན་ཅན་ལས་དོན་པ་བཅས་ལ་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། དབང་པོ་སྐྱོན་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད་ལ། གཅེས་སྐྱོང་དང་དོ་ཁུར་དམིགས་བསལ་བྱེད་དགོས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཀྱང་རེད། རྒྱང་ལམ་གསར་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱེད་པ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོག སེམས་ཁུར། རོགས་རམ་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཧུར་ཐག་སྐྲུན་དགོས། རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་དབང་པོ་སྐྱོན་ཅན་ལས་དོན་པས་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དབང་པོ་སྐྱོན་ཅན་གྱིས་ཡིད་རྟོན་རུང་བ་དང་བློས་འགེལ་ཆོག་པའི་གྲོགས་པོ་བློས་ཐུབ་དང་སྙིང་ཉེ་བ་ཧུར་ཐག་བྱེད་དགོས། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་རང་བརྩོན་དཔེ་བཟང་བའི་སྙིང་སྟོབས་སློབ་སྦྱོང་བྱས་ནས་དཔའ་ངར་ཆེན་པོས་དཀའ་ངལ་དང་འགྲན་སློང་ཁྱད་བསད་ཀྱིས་མི་ཚེའི་ཕུགས་འདུན་དོན་གཉེར་ཧུར་ཐག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད།
ཚོགས་འདུ་མ་འཚོག་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་མཉམ་དུ་ལྷན་ཞུགས་སྐུ་པར་ཡང་བསྐྱོན་པ་རེད། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་དབྱི་ཆིན་མཇལ་འཕྲད་ལ་ཞུགས་ནས་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། དེ་རྗེས་ཁོང་གིས་གསུང་བཤད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྩེ་བ་ཟབ་མོ་འདུས་པ་དང་ནང་དོན་ཕུན་སུམ་ཚོགས་པས་རྒྱ་ཆེའི་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་པར་སྐུལ་ལྕག་ཆེན་པོ་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་བརྩེ་དུང་དང་འགན་སེམས་འཆང་བཞིན་དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་རོགས་སྐྱོར་དང་ཁེ་དབང་འགན་སྲུང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དབང་པོ་སྐྱོན་ཅན་རང་དར་རང་ཚུགས་ལ་སྐུལ་ལྕག་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་རོགས་རམ་བྱེད་པར་སྐུལ་སློང་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། དབང་པོ་སྐྱོན་ཅན་ལ་མཐུན་སྒྲིལ་སྣེ་ཁྲིད་དང་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་ཞེས་གསུངས་པ་རེད།
ཚོགས་ཆེན་ལ“རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ”200དང་། “རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”200 “རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མི་སྒེར”60བཅས་ལ་གཟེངས་བསྟོད་བྱས་པ་རེད། པེ་ཅིང་ཚེ་སྲོག་གསར་པའི་རྒན་གསོ་དང་དབང་པོ་སྐྱོན་ཅན་རོགས་སྐྱོར་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཀྲན་ཤིན་དང་། ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་ཀྲང་མཱ་ཀོང་པུའུ། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཞུས་ཕུང་བཅས་བྱ་དགའ་ཐོབ་པའི་འཐུས་མིས་ཚོགས་འདུར་གཏམ་བཤད་གནང་བ་རེད།