ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་ཐོ་ཀོའི་འགོ་ཁྲིད་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་—ལུའི་ཤིས་ཨན·ས་ཝེ·ཏེ་ཐོ་ཧྥུའུ་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཐོ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད། དེ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཧྥུའུ་ལེ·ཨེ་སོ་ཆི་མུའུ་ནཱ·ནཱ་ཤིན་པེ་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཐོ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཐོ་ཀོའི་མཛའ་གྲོགས་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རིམ་བྱུང་གིས་ཐུན་མོང་ཐོག་གསར་གཏོད་དང་སྐྱེད་སྲིང་ཞིབ་ཚགས་གནང་ནས་བྱུང་བ་ཞིག་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་ཚུན། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་མཐུན་དང་། འདྲ་མཉམ་ཡིད་ཆེས། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་པས། རྒྱལ་ཁབ་ཆེ་ཆུང་དབར་འདྲ་མཉམ་ངང་ཕན་ཚུན་ལྟ་སྟངས་འཛིན་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། 2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་རིང་ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་ཕྱེ་ཡོད། ངས་ཀྲུང་གོ་དང་ཐོ་ཀོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཐོ་ཀོའི་འགོ་ཁྲིད་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་རྒྱུ་གོ་སྐབས་སུ་བྱས་ནས་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་སྐྱེད་གཏོང་བ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་སྐྲུན་འདོད་ཡོད།
དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྱང་ཧྥུའུ་ལེ་ཡིས་ཐོ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ་རེད།