དྲ་འཕྲིན་སྡེ་ཚན་གྱིས་དྲ་རྒྱའི་དཀྲོག་གཏམ་གྱི་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཡོངས་བསྒྲགས་ངང་དམར་འདོན་བྱས་པ།
གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཉེ་དུས་དྲ་རྒྱའི་ཨང་རྟགས་ཁག་གཅིག་གིས་AIལག་རྩལ་གང་བྱུང་དུ་སྤྱོད་པ་དང་། འབྲེལ་མཐུད་སོགས་ཀྱི་བྱེད་སྟངས་ཐོག་ནས་གློ་བུར་དུ་ཐོན་པའི་གྱོད་དོན་དང་དོན་རྐྱེན་རྟོག་བཟོ་དང་། སྤྱི་པའི་སྲིད་ཇུས་རྫུན་བཟོ། སྤྱི་ཚོགས་ཀྱི་དམངས་འཚོའི་སྐོར་དཀྲོག་གཏམ་རྫུན་བཟོ་བཅས་བྱས་ཡོད། དྲ་འཕྲིན་སྡེ་ཚན་གྱིས་དྲ་ཚིགས་ལ་ལྟ་ཞིབ་ཚད་ལེན་དང་། ཐག་གཅོད། དམར་འདོན་བཅས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། དུས་ཐོག་ཏུ་དཀྲོག་གཏམ་སྤེལ་སའི་ཐོག་མའི་ཨང་རྟགས་ཀྱི་ཁུངས་བཙལ་ནས་བཀག་སྡོམ་བྱ་རྒྱུའི་མཛུབ་ཁྲིད་བྱས་ཡོད། རིམ་རྩིས་བརྒྱབ་ན་འབྲེལ་ཡོད་ཁྲིམས་འགལ་དང་སྒྲིག་འགལ་གྱི་ཨང་རྟགས་2210ཐག་གཅོད་བྱས་པ་རེད།
ཚེས་12ཉིན་དྲ་འཕྲིན་སྡེ་ཚན་གྱིས་དེའི་ནང་གི་དཔེ་མཚོན་གྱི་གྱོད་དཔེ་ཁག་གཅིག་བརྡ་ཁྱབ་བཏང་བ་རེད། གྱོད་དཔེ་དེ་དག་ནང“AIཡིས་རྒྱན་ཤོག་ཨང་གྲངས་ལ་བྱ་དགའ་བརྒྱ་ཆ་བརྒྱ་ཐོབ་པར་སྔོན་དཔག་བྱེད་ཐུབ་པའི”དཀྲོག་གཏམ་དང་། “ཀོང་ཏུང་གི་སེར་བ་བྱ་སྒོང་ལས་ཆེ་བ”སོགས་ཀྱི་དཀྲོག་གཏམ། “ཧང་ཀྲོའུ་པིན་ཅང་དུ་ཉེས་དོན་གྱོད་གཞི་ངན་པ་ཐོན་པའི”དཀྲོག་གཏམ། “ཨང་རྟགས་བཤེར་ནས‘འགན་བཅོལ་ལྔ་དང་མ་དངུལ་གཅིག་གི་ཁ་གསབ’ལེན་པའི”དཀྲོག་གཏམ། “རྐང་བཙུགས་ནས‘འཆི་ཚད’རྫུན་བཟོ་དང་ཁྱབ་སྤེལ་གཏོང་བའི”དཀྲོག་གཏམ་རབ་དང་རིམ་པ་སོགས་ཚུད་ཡོད།
ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། དྲ་རྒྱའི་དཀྲོག་གཏམ་ལ་ལྟ་ཞིབ་ཚད་ལེན་དང་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དཀྲོག་གཏམ་གཏོང་སའི་ཨང་རྟགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་དཔེ་དུས་ཐོག་ཏུ་དམར་འདོན་བྱས་ཏེ་ཉེན་བརྡ་དང་ཟིལ་གནོན་གྱི་ཕན་ནུས་ནུས་ལྡན་ཞིག་ཆགས་པར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་དྲ་དམངས་ལྟ་སྐུལ་ཐེར་འདོན་ནང་ཧུར་ཐག་ཞུགས་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་རྒྱ་ཁྱབ་ཀྱིས་དྲ་རྒྱའི་དཀྲོག་གཏམ་སྤེལ་ཡུལ་མཉམ་དུ་རྩ་མེད་བཏང་ནས། དྲ་རྒྱའི་ཁོར་ཡུག་གཙང་མ་ཞིག་ཐུན་མོང་ཐོག་གཏོད་པར་དགའ་བསུ་ཞུ་གི་ཡིན་ཞེས་བཤད།