ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ཀྲང་གི་ཚོགས་འདུ་སྐབས་དགུ་པ་ཤིན་ཅང་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ཀྲང་གི་ཚོགས་འདུ་སྐབས་དགུ་པ་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་འཚོགས་པ་དང་། ཕྱོགས་ཁག་གིས“ལག་གདང་སྦྲེལ་ནས་སློབ་གསོ་མཉམ་ལས་དང་བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྤེལ་རེས་རྒྱ་ཁྱབ་དང་གཏིང་ཟབ་བྱས་པ་རེད།
སློབ་གསོ་པུའི་པུའུ་ཀྲང་ཧོའེ་ཅིན་ཕེང་གིས། ཀྲུང་གོའི་སློབ་གསོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་ཀྱིས་སྐབས་འདིའི་སློབ་གསོ་པུའུ་ཀྲང་གི་ཚོགས་འདུ་གོ་སྐབས་སུ་བྱས་ནས་ཁོངས་མིའི་རྒྱལ་ཁབ་ཁག་དང་སློབ་གསོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་། མཉམ་ལས་ཀྱི་ལས་སྟེགས་གསར་པ་འཛུགས་པ། མཉམ་ལས་ཀྱི་ནང་དོན་གསར་པ་ཕུན་སུམ་ཚོགས་སུ་གཏོང་བ། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་གཏོང་བ། སློབ་གསོའི་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་པ་བཅས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
གཞན་ཡང་། ཚོགས་འདུའི་ཐོག《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ཀྲང་གི་ཚོགས་འདུ་སྐབས་དགུ་པའི་ཟིན་བྲིས་གནད་བསྡུས》ལ་མིང་རྟགས་བཀོད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་གྲངས་འཛིན་སློབ་གསོའི་མནའ་འབྲེལ་དང་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབུམ་རམས་སློབ་མ་གསོ་སྐྱོང་གསར་གཏོད་ལྟེ་གནས་བཙུགས་པ་རེད།