དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་རིམ་འདས་རྩིས་འཁོར་འགྲན་བསྡུར་གྱི་མཇུག་འབྲས་མཚོ་སྔོན་ཟི་ལིང་དུ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-17

    ཚེས་14ཉིན། 2025ལོའི་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་རིམ་འདས་རྩིས་འཁོར་འགྲན་བསྡུར(ASC25)གྱི་སྤྱིའི་མཐའ་བསྡུར་གྱི་མཇུག་འབྲས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་ཡོངས་བསྒྲགས་བྱས་ཤིང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གྱི་འཐུས་མིའི་རུ་ཁག་ཁག་སོ་སོར་ཨང་དང་པོ་དང་གཉིས་པ་ཐོབ་པ་རེད།

    སྐབས་འདིའི་འགྲན་བསྡུར་ཆེ་མོར་གོ་ལ་ཧྲིལ་པོའི་མཐོ་སློབ་རུ་ཁག་300ལྷག་ཙམ་ཞུགས་ཡོད། གྲ་སྒྲིག་འགྲན་བསྡུར་གྱི་བདམས་གསེས་བརྒྱུད་རུ་ཁག་25མཚོ་སྔོན་སློབ་ཆེན་དུ་གཉེར་བའི་སྤྱིའི་མཐའ་བསྡུར་ལ་ཚུད་ཡོད། མཐའ་བསྡུར་ནང་། འགྲན་ཞུགས་རུ་ཁག་ལ་ཝ་4000གི་རྩོལ་ཟད་ཚོད་འཛིན་འོག་རིམ་འདས་རྩིས་འཁོར་ཆུང་གྲས་ཀྱི་འདུས་ཚོགས་ཇུས་འགོད་སྒྲིག་སྦྱོར་དང་། རྒྱལ་སྤྱིའི་ཀུན་སྤྱོད་རྩ་བའི་ཚད་གཞིའི་ཚོད་ལྟའི་འཁོར་རྒྱུག་ལེགས་སྒྱུར། DeepSeekརིཌ་འདེད་ལེགས་སྒྱུར། འཇིག་རྟེན་མ་ནིང་ཕྲ་རྡུལ་རྟོག་ཞིབ་ཚད་ལེན་འདྲ་བཟོ་སོགས་ཀྱི་ཚན་རྩལ་གསར་ཤོས་དང་ལས་གྲྭ་བཀོལ་སྤྱོད་འཚོལ་ཞིབ་བཅས་བྱེད་པ་དང་འབྲེལ། རྩོད་ལན་ལ་ཞུགས་པའི་བླང་བྱ་བཏོན་ཡོད། འགྲན་ཞུགས་རུ་ཁག་25ཡིས་མ་ལག་ཇུས་འགོད་དང་། རྩོལ་ཟད་ཚོད་འཛིན། བཀོལ་སྤྱོད་ལེགས་སྒྱུར། མཉམ་སྒྲུབ་གསར་གཏོད། རྩོད་ལན་མངོན་པ་སོགས་ཀྱི་ལྷུ་ཚིགས་སུ་འགྲན་རྩོད་འཁྲུག་པོ་བྱས་པ་རེད།

    འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་རིམ་འདས་རྩིས་འཁོར་འགྲན་བསྡུར་ནི་ཀྲུང་གོས་གྲོས་འགོ་བཏོན་ནས་སྒྲིག་འཛུགས་བྱས་པའི་རིམ་འདས་རྩིས་འཁོར་འགྲན་བསྡུར་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་རིམ་འདས་རྩིས་འཁོར་འགྲན་བསྡུར་གྱི་གྲས་ཤིག་ཀྱང་རེད། ད་བར་སྐབས་12གཉེར་བ་དང་། གོ་ལ་ཧྲིལ་པོའི་སློབ་གྲྭ་ཆེ་མོ་བ་ཁྲི་གཅིག་ལྷག་ཙམ་འགྲན་བསྡུར་ལ་ཞུགས་པའི་ཡིད་དབང་འཕྲོག་ཡོད། འགྲན་བསྡུར་གྱི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་དབར་གྱི་རིམ་འདས་རྩིས་འཁོར་གྱི་གཞོན་ནུ་ཤེས་ལྡན་པའི་སྤེལ་རེས་དང་གསོ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རིམ་འདས་རྩིས་འཁོར་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་དང་ཞིབ་འཇུག་གསར་སྤེལ་བྱེད་ནུས་ཆེ་རུ་གཏོང་བ། རིམ་འདས་རྩིས་འཁོར་གྱི་ཚན་རྩལ་སྒུལ་ཤུགས་འདོན་སྤེལ་བཅས་བྱས་ཏེ། ཚན་རྩལ་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།