དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་དཔལ་འབྱོར་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ་5ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-17

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་15ཉིན་ནི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་ཉིན་མོ་ཐེངས་16པ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཚེས་14ཉིན་སྤྱི་ཚོགས་ལ་དཔལ་འབྱོར་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ་5ཁྱབ་བསྒྲགས་བྱས་པ་རེད།

    དཔེར་ན་ཏོན་ཆེ་གེ་མོའི་གན་རྒྱའི་ཁ་བསླུས་གྱོད་གཞི་ལྟ་བུ། 2022ལོའི་ཟླ་བཞི་པར། ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་གྱིས་ཉིས་བརྒྱུད་ཁང་པ་ཉོ་ཚོང་གན་རྒྱའི་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་ཡོད། བརྟག་དཔྱད་བྱས་པ་བརྒྱུད། 2021ལོའི་ཟླ་དྲུག་པ་ནས་2022ལོའི་ཟླ་གསུམ་པའི་བར། ཏོན་ཆེ་གེ་མོས་རང་ཉིད་ཀྱིས་ཐོ་འགོད་གཉེར་སྐྱོང་བྱེད་པའི་ཁང་པ་མཚམས་སྦྱོར་ཀུང་སི་བེད་སྤྱད་དེ་ཁང་པ་ཉོ་མཁན་དང་འཚོང་མཁན་ཕྱོགས་གཉིས་ཀྱི་ཡིད་ཆེས་ཐོབ་པར་བྱས་ཐོག་ཉོ་ཚོང་ཕྱོགས་གཉིས་དབར་གན་རྒྱ་འཇོག་རྒྱུའི་བསླུ་བྲིད་བྱས་པ་རེད། དངུལ་བུན་ལེན་པར་མཁོ་བ་དང་ཡང་ན་འཚོང་མཁན་ཕྱོགས་ཀྱིས་ཁང་དངུལ་མགྱོགས་པོར་སྤྲོད་ཅེས་འདེད་ཀྱི་འདུག་པས་ངེས་པར་དུ་སྡེབ་གཅིག་ལ་བསྒྱུར་སྤྲོད་བྱེད་དགོས་པ་སོགས་རྫུན་གཏམ་བཤད་དེ་ཁང་དངུལ་དང་། འགྱུར་རྟེན། སྔོན་གཏོང་དངུལ་སོགས་རང་ཉིད་ཀྱི་ཀུང་སིར་སྤྲད་དེ་ཉར་དུ་འཇུག་རྒྱུའི་རེ་བ་བཏོན་ནས། སྔ་རྗེས་སུ་གནོད་འཚེ་ཕོག་མཁན་17གྱི་ལག་ནས་དངུལ་སྒོར་ཁྲི་353ལྷག་ཙམ་བླངས་པ་དེ་དག་མི་སྒེར་གྱི་འཛད་སྤྱོད་ཐད་སྤྱད་པ་རེད། 2023ལོའི་ཟླ་5ཚེས་17ཉིན། ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཏོན་ཆེ་གེ་མོས་གན་རྒྱའི་ཁ་བསླུས་ཀྱི་བྱས་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ་12དང་དངུལ་ཆད་སྒོར་ཁྲི་10ཡི་ཆད་པ་བཅད་པ་རེད།

    ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་ཞུ་རྒྱུར། ཁང་པ་མ་ཉོས་གོང་མཚམས་སྦྱོར་སྒྲིག་གཞི་དང་ཞབས་ཞུའི་མི་སྣ་སོགས་ལ་འབྲེལ་ཡོད་འོས་ཐོབ་ཡོད་མེད་དང་འབྲེལ་ཡོད་འགྲོ་ལུགས་ཁྲིམས་མཐུན་ཡིན་མིན་ལ་དཔྱད་བཤེར་ནན་ཏན་བྱེད་དགོས་པ་དང་། ཉིས་བརྒྱུད་ཁང་པ་ཉོ་ཚོང་བྱེད་སྐབས་གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་དཔང་ཡིག་སོགས་བདག་ཁོངས་ར་སྤྲོད་དཔྱད་ཡིག་ལ་དཔྱད་བཤེར་བྱ་རྒྱུ་དང་གལ་སྲིད་བདག་ཁོངས་ཁ་གསལ་མེད་ཚེ་ཉོ་ཚོང་བྱེད་མི་རུང་ཞིང་། མ་དངུལ་གཏོང་སྤྲོད་བྱེད་སྐབས་སྲིད་གཞུང་གི་ལྟ་སྐུལ་དོ་དམ་བྱེད་སྟངས་ལྟར་སྤྲོད་རྒྱུ་དང་རྩ་དོན་ཐོག་དངུལ་སྨར་སྤྱོད་རྒྱུ་མེད། དེ་དང་ཆབས་ཅིག འབྲེལ་ཡོད་འགྲོ་ལུགས་ལ་ཞིབ་བཤེར་བྱས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་ངང་རང་ཉིད་ལ་གྱོང་གུན་མི་ཐེབས་པའི་འགན་ལེན་བྱེད་དགོས་ལ། ཉེན་ཁའི་འདུ་ཤེས་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    དཔེ་མཚོན་གྱོད་དཔེ་གཞན་དག་ནི་ཝང་ཆེ་གེ་མོས་ཁྲིམས་ལས་འགལ་ཏེ་དངུལ་རྫུན་མ་ཉར་བ་དང་སྐྱེལ་འདྲེན་བྱས་པའི་གྱོད་གཞི་དང་། ཝང་ཆེ་གེ་མོ་སོགས་ཀྱིས་མ་དངུལ་བསྡུ་རུབ་ཀྱི་ཁ་བསླུས་གྱོད་གཞི། ཁྲེན་ཆེ་གེ་མོས་ཡིད་རྟོན་གཱའི་ཁ་བསླུས་གྱོད་གཞི། པའོ་ཆེ་གེ་མོས་མ་དངུལ་གཞན་སྤྱོད་བྱས་པའི་གྱོད་གཞི་སོགས་སོ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།