བོད་ཀྱི་གྲོང་གསེབ་དར་རྒྱས་གྲངས་འཛིན་ཤེས་ལྡན་པའི་དངོས་སྦྱོང་བྱེད་སྒོ་སྐབས་དང་པོ་སྤེལ་འགོ་ཚུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་ཞིང་ལས་གྲོང་གསེབ་ཐིང་སོགས་སྡེ་ཚན་ལྔ་དང་མཉམ་དུ་གཙོ་གཉེར་བྱས་པའི“བོད་ལྗོངས་ཐད་གཏོང་·ངས་Vཆེན་པོ་བྱེད་པའི”གྲོང་གསེབ་དར་རྒྱས་གྲངས་འཛིན་ཤེས་ལྡན་པའི་དངོས་སྦྱོང་བྱེད་སྒོ་སྐབས་དང་པོ་ཆབ་མདོ་གྲོང་ཁྱེར་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོར“རིགས་པའི་གཞུང་ལུགས་དང་། དངོས་སྤྱོད། དངོས་འཐབ་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་རྣམ་པའི་གསོ་སྦྱོང་བྱེད་སྟངས་སྤྱད་དེ་རྒྱལ་ནང་གི་དྲ་ཚོང་རིགས་གཅིག་མཁས་ཅན་དང་ཐད་གཏོང་མཁས་ཅན་གདན་དྲངས་ནས་ལག་ཐོགས་ཁ་པར་གྱི་པར་རྒྱག་ཐབས་རྩལ་དང་། ཁྱུག་དབྱིངས་ལས་སྟེགས་ཀྱི་སྒྲིག་སྲོལ། ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་ཚོང་སྒྱུར་སོགས་ཀྱི་སློབ་ཚན་སློབ་ཁྲིད་བྱས་པས། སློབ་མར་གྲངས་འཛིན་རྩལ་ནུས་ཁོང་དུ་ཆུད་པར་རོགས་རམ་ཐུབ་པ་དང་བོད་ཀྱི་ཁྱད་ལྡན་ཐོན་ཁུངས་དྲ་ཐོག་ཏུ་ཁྱབ་གདལ་གཏོང་བར་སྐུལ་འདེད་ཐུབ་ཡོད་པ་རེད།
ཅི་ལིན་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་ཆ་འཕྲིན་ཁྱབ་གདལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་ད་རེས་ཀྱི་གསོ་སྦྱོང་གི་འཆད་ཁྲིད་དགེ་རྒན་ཧྥེང་ཤིན་གྱིས“ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་སློབ་མའི་དངོས་སྦྱོང་རྩལ་ནུས་ཆེ་རུ་གཏོང་བ་དང་འབྲེལ་ཡོད་གཉེར་སྐྱོང་ཤེས་བྱ་ཕུན་སུམ་ཚོགས་སུ་བཏང་སྟེ་ཆབ་མདོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་མཛེས་ལྗོངས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ས་གནས་ཁག་ཏུ་ཁྱབ་གདལ་གཏོང་ཐུབ་པའི་རེ་བ་ཡོད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་ནི་ད་ཐེངས་ཀྱི་དངོས་སྦྱོང་ས་ཚིགས་དང་པོ་དེ་ཡིན་པ་དང་རྗེས་སུ་ནག་ཆུ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་འབྲེལ་ཡོད་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་ཡིན་པ་རེད།