དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་10པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2012ལོའི་ཟླ་12ནས་2025ལོའི་ཟླ་3པའི་བར་གནང་བའི་འབྲེལ་ཡོད་རྣམ་བཤད་གལ་ཆེན་ནས་དྲངས་པ་ཞིག་རེད།

    རྩོམ་ཡིག་ནང་ནན་བཤད་གནང་དོན། ཏང་སྲོལ་གྱི་གནད་དོན་ནི་སྲིད་སྐྱོང་ཏང་གི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད། སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ་དེ་རང་རེའི་ཏང་གིས་ཡུན་རིང་སྲིད་སྐྱོང་ཐུབ་མིན་དང་སྲིད་སྐྱོང་གི་འགན་འཁྲི་ལེགས་པར་སྒྲུབ་ཐུབ་མིན་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་ནང་ཁུལ་དུ་ལྷག་པའི་གནད་དོན་དང་ཞན་ཆ་སྣ་ཚོགས་ལ་ཐད་ཀར་ཁ་གཏད་བཅག་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་པ་དང་ལག་བསྟར་བྱས་ནས་གནད་དོན་ཐག་གཅོད་བྱེད་པ་དང་། དུས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཅི་ཞིག་ལ་དམ་འཛིན་བྱེད་པ་དང་དམ་འཛིན་ཇི་ལྟར་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་བརྒྱུད། སྒྲིག་ཁྲིམས་ནན་པོ་མེད་པ་དང་སྤྱོད་ཚུལ་འདྲོང་པོ་མེད་པའི་གནས་ཚུལ་མངོན་གསལ་དོད་པོས་འགྱུར་ལྡོག་ཕྱིན་པ་དང་། དངོས་འབྲེལ་དོ་དམ་དང་དངོས་འབྲེལ་ནན་པོ་དང་། དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་དང་ཡུན་རིང་ནན་པོ་བཅས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ། ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ། སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་མུ་མཐུད་ལེགས་སུ་ཕྱིན་ནས་མི་དམངས་ཀྱི་སེམས་ནང་ཏང་གི་གཟུགས་བརྙན་བསྐྱར་དུ་བཏོད་ཡོད།

    རྩོམ་ཡིག་ནང་བསྟན་དོན། གཏན་འབེབས་དོན་ཚན་བརྒྱད་ཀྱི་མཛུབ་ཁྲིད་བསམ་བློ་ནི་བླང་བྱ་ནན་པོ་ཞིག་ཡིན་པ་དེ་ཐོག་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་དགོས་ལུགས་མཚོན་ཡོད་པས། ཀྲུང་དབྱང་ཆབ་སྲིད་ཅུས་ནས་འགོ་བཙུགས་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱེད་པ་དེ་ནི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོངས་ལ་སྤྱོད་ཚུལ་ལེགས་སུ་གཏོང་བར་མིག་དཔེ་ཡག་པོ་འདོན་དགོས་པ་དེ་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་གོང་དཔེ་འོག་སྟོན་དང་། གོང་ནས་འོག་བར། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད། རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་འདོན་པ་བཅས་བྱས་ནས་རང་རྟོགས་ངང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། གལ་ཏེ་ང་ཚོས་དངོས་གནས་དམ་འཛིན་བྱས་ན་ཐག་གཅོད་མི་ཐུབ་པའི་གནད་དོན་གཅིག་ཀྱང་མེད།

    རྩོམ་ཡིག་ནང་བསྟན་དོན། སྤྱོད་ཚུལ་གྱི་གནད་དོན་ནི་ངོ་བོའི་ཐོག་ནས་ཏང་གཤིས་ཀྱི་གནད་དོན་རེད། “སྤྱོད་ཚུལ་བཞིའི”གནད་དོན་ནི་རྩ་བའི་ཐོག་ནས་ཏང་གཤིས་དང་རྒྱབ་འགལ་བྱས་ནས་དམིགས་ཡུལ་དོར་བ་ཞིག་རེད། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་འགག་རྩ་འདིར་དམ་འཛིན་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པ་དང་།“སྤྱོད་ཚུལ་བཞི”ཡོ་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། “ངལ་དུབ་ཀྱི་འདུས་ནད”མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་སོགས་ཚུལ་མིན་སྤྱོད་ངན་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་། “སྤྱོད་ཚུལ་བཞིའི”མངོན་མེད་གཞན་འགྱུར་གྱི་འཕེལ་ཕྱོགས་གསར་པར་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས་ཏེ། མེ་རོ་བསྐྱར་འབར་གྱི་གནས་ཚུལ་གཏན་ནས་ཐོན་དུ་འཇུག་མི་རུང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བཅོས་བྱེད་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ཞིག་ཏུ་བརྩིས་ཏེ། དམིགས་སའི་རང་བཞིན་གྱི་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་ཚན་རིག་དང་མཐུན་ཞིང་གནད་སྨིན་ངང་འབེན་དམིགས་བཅོས་སྒྲིག་བྱས་ཏེ། མཁྲེགས་སར་གཏུག་ཕོད་པ་དང་དངོས་སྒྲུབ་ཕན་འབྲས་ཐོན་པར་བྱེད་དགོས། རྦབ་རྡོ་གྱེན་འདྲིལ་དང་ལ་བརྒལ་ཉག་སྒྲོལ་གྱི་སྤོབས་སེམས་ལ་བརྟེན་ནས་ངེས་ཤུགས་རྒྱུན་འཁྱོངས་དང་གོམ་པ་གང་ཡང་ཕྱི་བཤོལ་མི་བྱེད་པར་བཅོས་སྒྲིག་གཏིང་ཟབ་དང་ཕན་འབྲས་དངོས་ཐོན་པར་བྱས་ཚེ་བྱ་ངན་གཙང་སེལ་དང་དུས་བདེ་ཞོད་འཇགས་རིམ་བཞིན་མངོན་འགྱུར་ཡོང་ཐུབ།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་ལ། དུས་འདས་པ་ཟེར་བའང་མེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་ནས་ལག་བསྟར་བྱས་པ་ནི་དུས་རབས་གསར་པར་རང་རེའི་ཏང་གིས་ཡིད་ཆེས་བརྟན་གཏོང་གི་བྱ་སྤྱོད་ཅིག་ཡིན་པས། ངེས་པར་དུ་རྒྱུན་དུ་ནས་དམ་འཛིན་ལྷོད་མེད་དང་སྙིང་རུས་བརྟན་འཁྱོངས་བྱེད་དགོས། ལོ་བཅུ་ཡིས་མ་འདང་ན་ལོ་ཉི་ཤུ་དང་། ལོ་ཉི་ཤུ་ཡིས་མ་འདང་ན་ལོ་སུམ་ཅུ་བར་དུ་དམ་འཛིན་གྱིས་གཤིས་གོམས་སྤྱོད་ལུགས་དངོས་སུ་འཇགས་པར་བྱས་ནས། ཏང་སྲོལ་བཟང་པོས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་དགོས། ང་ཚོས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ངར་ཤུཌ་ལ་བརྟེན་ནས་དམ་འཛིན་བྱས་ཏེ། མགོ་ཡོད་མཇུག་ཡོད་དང་བྱེད་མཁས་ལ་རྗེས་མཐུན་པར་བྱེད་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ནས་ཏང་ཡོན་དང་ལས་བྱེད་པའི་ངེས་ཤུགས་ཆེ་རུ་གཏོང་བ་དང་གོམས་གཤིས་འཇགས་པར་སྐུལ་འདེད་བཏང་སྟེ་སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།