དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • མཉམ་འདྲེས་སྒུལ་ཤུགས་གསར་པ་བཏོད་དེ། ཞིང་འབྲོག་པར་འབབ་འཕར་ཡོང་བར་རམ་འདེགས་བྱས་པ།

    སུའུ་ཀྲོའུ་ཡིས་ལྷུན་གྲུབ་རྫོང་དང་མཉམ་དུ་ལྷུན་གྲུབ་རྫོང་གི་རིག་གནས་ཡུལ་སྐོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    འདི་ནི་ལྷུན་གྲུབ་རྫོང་རིག་གནས་དང་ཡུལ་སྐོར་རུ་ཁག་གིས་སུའུ་ཀྲོའུ་རུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་བཞིན་པ།

    “ལོ་ལྔའི་གོང་། ལྷུན་གྲུབ་རྫོང་ནས་ཐང་མགོ་ཤང་བར་ཚང་མ་ས་ལམ་ཡིན་ལ། ཆུ་མཛོད་བསྐོར་ནས་འགྲོ་དགོས་པས། ལམ་བར་ལ་ཆུ་ཚོད་4ལྷག་ཙམ་འགོར་གྱི་རེད། སུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གཅིག་རྗེས་གཉིས་མཐུད་ངང་འཛུགས་སྐྱོང་དང་ལྷུན་གྲུབ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཐུན་མོང་ཐོག་སྐུལ་འདེད་བཏང་བ་བརྒྱུད། ད་ཆ་ས་ལམ་སྣུམ་ནག་ལམ་དུ་གྱུར་བ་རེད། 2021ལོར་ཐང་མགོ་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བཙུགས་པ་ནས་བཟུང་། ས་གནས་དེ་གའི་སྐུ་མགྲོན་སྣེ་ལེན་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ལྷུན་གྲུབ་རྫོང་དུ་ཡུལ་སྐོར་དུ་ཡོང་མཁན་ཡང་མངོན་གསལ་དོད་པོས་མང་དུ་སོང་བས། ཡུལ་སྐོར་བ་མང་བའི་དུས་སུ་ང་ཚོའི་མགྲོན་ཁང་དུ་ཁང་པ་མ་འདང་བའི་གནས་ཚུལ་ཡང་སེ་ཐོན་གྱི་འདུག ས་གནས་དེ་གའི་མང་ཚོགས་ལས་ཞུགས་ཐུབ་ཆེད། ང་ཚོས་ས་གནས་དེ་ག་ནས་ལས་མི་ཁག་གཅིག་བསྡུས་པ་དང་། མིག་སྔར་ལས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་རག་གི་ཡོད”ཅེས་ཐང་མགོ་ཕུན་ཚོགས་ཁང་བཟང་སྤྲོ་གསེང་མགྲོན་ཁང་གི་འགན་ཁུར་བ་རྒྱ་མཚོས་བརྗོད།

    རྒྱ་མཚོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷུན་གྲུབ་བ་ཞིག་ཡིན་ཞིང་། ཡུལ་སྐོར་དོ་དམ་ཆེད་ལས་སྦྱངས་ཏེ་སློབ་གྲྭ་ནས་ཐོན་རྗེས། ཁོང་ཕ་ཡུལ་དུ་ལོག་ནས་བྱ་གཞག་བཏོད་པ་རེད། ལོ་དེ་དག་རིང་ཁོང་གིས་ལྷུན་གྲུབ་རྫོང་ཐང་མགོ་ཤང་གི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ཡོད།

    2024ལོ་ནས་བཟུང་། ལྷུན་གྲུབ་རྫོང་གིས་དམ་པ་དོན་གཉེར་དང་དམ་འཛིན་དངོས་སྒྲུབ་བྱས་ཏེ། “རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ངོམས་པ”མཐའ་འཁྱོངས་དང་། ས་ཁོངས་འཐབ་ཇུས་ཀྱི་བསམ་བློའི་ཐོག་ནས་རྫོང་ཁོངས་ཀྱི་རིག་གནས་དང་། ཡུལ་སྐོར། དཔལ་འབྱོར་བཅས་ཀྱི་འཕེལ་རྒྱས་གསར་པ་འཆར་འགོད་བྱས་ནས། “ཞིང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ”བཅས་མཉམ་འདྲེས་ཟབ་མོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཕན་འབྲས་གསར་པ་ཐོབ་ཡོད། ཞིབ་མོའི་བློ་ཡིས་ཇུས་འགོད་བྱས་པའི་ལྷུན་གྲུབ་རྫོང་གི“རྣམ་པར་བཀྲ་བའི་དུས་བཞི། མཛེས་སྡུག་ལྡན་པའི་ལྷུན་གྲུབ”ཅེས་པའི་སྐྱེ་ཁམས་སྒྱུ་རྩལ་མཉམ་སྤྱོད་དུས་ཚིགས་ཀྱི་རིམ་སྤེལ་བྱེད་སྒོས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་262.29ཟིན་པའི་འཛད་སྤྱོད་ལ་སྐུལ་འཁྲིད་བྱས་པ་དང་། དྲ་ཕྱི་དང་དྲ་ཐོག་ནས་བྱེད་སྒོར་ཞུགས་མཁན་མི་ཐེངས་ཁྲི་59.83ཟིན་ཡོད། ལྷུན་གྲུབ་རྫོང་གིས《ལྷུན་གྲུབ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་སྤྱི་ཡོངས་ཀྱི་འཆར་འགོད་དང་ལོ་གསུམ་བྱ་སྤྱོད་འཆར་གཞི》བཀྲམ་པ་དང་། 《ལྷུན་གྲུབ་རྫོང་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལས་དོན་སྔར་བས་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(བསམ་འཆར་བསྡུ་ལེན་མ་ཟིན)ཡི་འཆར་ཟིན་བཀོད་དེ། ལྷུན་གྲུབ་རྫོང་འདི་ཉིད་ལྷ་སའི་བྱང་རྒྱུད་ཡུལ་སྐོར་ལམ་ཐིག་ནང་མཉམ་འདྲེས་ཧུར་ཐག་བྱེད་པ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཆེད“ལག་བསྟར་དཔེ་རིས”དང“ཕུགས་ཀྱི་དཔེ་རིས”གལ་ཆེན་མཁོ་འདོན་བྱས་ཡོད།

    དེ་ལྟར་ཡིན་པ་མ་ཟད། ལྷུན་གྲུབ་རྫོང་གིས་རྨང་གཞི་བརྟན་གཏོང་མཐའ་འཁྱོངས་ཀྱིས་ཐང་མགོ་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་མ་ཟད། རྭ་སྒྲེང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་རྒྱལ་ཁབ་ཀྱི་A3རིམ་པའི་མཛེས་ལྗོངས་ཁུལ་བདེ་བླག་ངང་འཛུགས་གཏོད་བྱས་པ་དང་། ཐང་མགོ་ཤང་གི་ལྷ་སའི་བྱང་རྒྱུད་ཡུལ་སྐོར་ལམ་ཐིག་གི་ཞོར་གཏོགས་སྒྲིག་ཆས་དང་། ངོ་མཚར་ཤིང་ནགས་ཀྱི་སྤྲོ་གསེང་ཡུལ་སྐོར་ཁུལ་འཛུཌ་སྐྲུན། ལྷུན་གྲུབ་ཞིང་རའི་བརྩེ་བས་ཕྱུག་པའི་གར་སྟེགས་འཁྲབ་གཞུང་སོགས་འདུ་འགོད་ཁག་29“ལོ་ལྔ་ཚན་བཅོ་ལྔ་པའི”རྣམ་གྲངས་གྲབས་གསོག་མཛོད་ནང་བཅུག་ཡོད། 2024ལོར་ལྷུན་གྲུབ་རྫོང་གི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2845.76ཟིན་པ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་35ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.6%དང་19.5%འཕར་ཡོད།

    “ལོ་གསུམ་གོང་ལྷ་སར་ཐོག་མར་སླེབས་སྐབས་དགུང་སྔོན་སྤྲིན་དཀར་དང་། བརྗིད་ཆགས་གངས་རི། མུ་མེད་རྩྭ་ཐང་བཅས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་། གླུ་ལེན་གར་འཁྲབ་བྱེད་པའི་བོད་རིགས་བུ་ཕྲུག དེ་བཞིན་ཐག་རིང་མགྲོན་པོར་བསུ་བ་ཞུ་བའི་གྲོ་སོ་ཕྱེ་མར་དང་དཀར་གཙང་མཇལ་དར་སོགས་ལས་གངས་ལྗོངས་ས་མཐོའི་དྭངས་གཙང་ལྷད་མེད་དང་། མི་དམངས་མང་ཚོགས་ཀྱི་སེམས་རྩ་འཁོལ་ལ་མཛའ་གྲོགས་འཆམ་མཐུན་གྱི་རྣམ་པ་ཞིག་ངང་གིས་མངོན་བཞིན་འདུག ལོ་གསུམ་རིང་ང་ཚོས་ཐོག་མར《ལྷུན་གྲུབ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་སྤྱི་ཡོངས་ཀྱི་འཆར་འགོད་དང་ལོ་གསུམ་བྱ་སྤྱོད་འཆར་གཞི》བཟོ་བའི་ནང་ཞུགས་ནས་ཆེད་ལས་ཚོགས་པ་གདན་དྲངས་ཏེ་ལྷུན་གྲུབ་རྫོང་གི་ཡུལ་སྐོར་ལ‘རྩ་གཟིགས་ནད་བརྟག’དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཁོངས་མི་དང་ལྷུན་གྲུབ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲའོ་ཝེ་ཡིས་བརྗོད།

    ལོ་གསུམ་རིང་། སུའུ་ཀྲོའུ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ལྷུན་གྲུབ་རྫོང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རིམ་རྩིས་བརྒྱབ་ན། བོད་སྐྱོར་དངུལ་སྒོར་ཁྲི་8000ལྷག་ཙམ་སྤྲད་པའི་ནང་། ལྷུན་གྲུབ་རྫོང་བྱང་ཁ་ཤང་གི་གསར་བརྗེའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་། ལྷུན་གྲུབ་ཞིང་རའི་གསར་བརྗེའི་རིག་གནས་སློབ་གསོ་དང་དངོས་སྦྱོང་ཁུལ། ཐང་མགོ་ཤང་གི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་སོགས་བོད་སྐྱོར་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་དང་། དེ་བཞིན་སུའུ་ཀྲོའུ་ཡི་ལས་རིགས་ཁག་དང་འབྲེལ་བ་བྱས་ནས་ཞལ་འདེབས་ཕུལ་བའི་ཡུལ་སྐོར་མཚོན་རྟགས་དང་མཚོན་བྱང་འཛུགས་སྐྲུན་རྣམ་གྲངས་དང་ལྷུན་གྲུབ་རྫོང་གཞོན་ནུ་ལོ་ཆུང་གི་རིག་གནས་བྱེད་སྒོ་སྤེལ་ས་སོགས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།