དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལོ་དགུའི་བོད་སྐྱོར་ལམ་བུའི་ཐོག བརྩེ་སེམས་ཟབ་མོ་ས་མཐོར་བཅངས།

    ཀྲུང་དབྱང་གི་བོད་སྐྱོར་ཁག་བརྒྱད་པ་དང་། དགུ་པ། བཅུ་པ་བཅས་ཀྱི་ལས་བྱེད་ཤེས་ལྡན་པ་ཁྲེང་ཞའོ་དབྱིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་ནས་ཡོང་བའི་ཁྲེང་ཞའོ་དབྱིང་ཀྲུང་དབྱང་གི་བོད་སྐྱོར་ཁག་བརྒྱད་པ་དང་། དགུ་པ། བཅུ་པ་བཅས་ཀྱི་ལས་བྱེད་ཤེས་ལྡན་པ་ཡིན་པའི་ངོས་ནས་2016ལོའི་ཟླ་7པ་ནས་བཟུང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ལ་རོགས་སྐྱོར་བྱེད་འགོ་ཚུགས་པ་དང་། སྔ་རྗེས་སུ“རྒྱལ་ཡོངས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན”དང་། བོད་རང་སྐྱོང་ལྗོངས་ཀྱི“བོད་སྐྱོར་དགེ་རྒན་ཡག་ཤོས” “ཁག་བརྒྱད་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ”“ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    2017ལོའི་ཟླ་9ཚེས་5ཉིན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཆེན་སློབ་མའི་ལས་གཏོད་ཀུང་སིའི“གཏོད་མཁན་ཀོག་ཧྥེའི་བར་འཁྱམས”དངོས་སུ་ལས་འགོ་བཙུགས་ཡོད།

    2016ལོའི་སྲོག་ཆགས་ཀྱི་རིམས་ནད་དང་ཞིབ་བཤེར་འཛིན་གྲྭའི་སློབ་མ་ལྷག་པ་ཚེ་རིང་གིས“གྲོ་ཟས་ཁང་འཛུགས་རྒྱུའི་བསམ་ཚུལ་དེ་རྒན་ལགས་ཀྱིས་ང་ཚོའི་སྣེ་ཁྲིད་ནས་ཧྥུའུ་ཀྲོའུ་རུ་རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ནང་ཞུགས་སྐབས་སློབ་གྲོགས་ཚོ་དང་མཉམ་དུ་ཞིམ་ཟས་བཟའ་དུས་འཁོར་བྱུང”ཞེས་བཤད།

    སློབ་གྲྭར་ལོག་རྗེས། ཁྲེང་ཞའོ་དབྱིང་གིས་འཕྲལ་མར་ས་ཆ་དང་། མི། འགྲོ་གྲོན། སྒྲིག་ཆས་སོགས་གྲ་སྒྲིག་བྱེད་འགོ་བཙུགས་པ་དང་ཁོང་གིས་བྱ་བ་ཆེ་ཆུང་མེད་པར་ཉིན་ལྟར་སློབ་མར་དགོང་མོའི་ཆུ་ཚོད་དང་པོ་གཉིས་པའི་བར་མཛུབ་ཁྲིད་བྱེད་པ་དང་། སྐབས་རེ་ལས་གཏོད་ཚོགས་པ་དང་མཉམ་དུ་ཞོགས་པའི་ཆུ་ཚོད་དྲུག་པ་བདུན་པ་བར་ཐོན་རྫས་ལག་རྩལ་ཞིབ་འཇུག་བྱས་ནས་སྡོད་ཀྱི་ཡོད།

    གཏོད་མཁན་ཀོག་ཧྥེའི་བར་འཁྱམས་དུ་སློབ་མ་ཚོས་ཀོག་ཧྥེ་དང་གྲོ་ཟས་བཟོ་བའི་ལག་རྩལ་ཤེས་པ་མ་ཟད། ཕྱོགས་གང་སར་སྦྱོང་བརྡར་ཡང་ཐེབས་ཡོད། སློབ་གྲྭར་སྡོད་རིང་གི་ལས་གཏོད་ཉམས་མྱོང་དངོས་ལས་སློབ་མཐར་ཕྱིན་རྗེས་ལྷག་པ་ཚེ་རིང་གིས་རང་ཉིད་ཀྱི་ཀུང་སི་བཙུགས་པ་མ་ཟད། ད་དུང་ཕ་ཡུལ་ཀྱི་མང་ཚོགས་ལ་སྒོ་འགྲམ་དུ་ལས་ཞུགས་ཀྱི་གོ་སྐབས་བཏོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཞའོ་དབྱིང་གིས་སྔ་རྗེས་སུ་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་རྣམ་གྲངས་ཁག་4ལ་མཛུབ་ཁྲིད་བྱས་ཤིང་། དེའི་ནང་རྣམ་གྲངས་ཁག་གཉིས་ལ་བོད་རང་སྐྱོང་ལྗོངས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོའི་ཞིང་ཆེན་འགྲན་བསྡུར་ཐོག་ཨང་གཉིས་པ་དང་གསུམ་པ་སོ་སོར་ཐོབ་པ་དང་། སློབ་ཆེན་སློབ་མའི་ལས་གཏོད་ཀྱི་ལས་ཀ་དེ་ནག་པང་དང་། སློབ་ཁང་། འགྲན་བསྡུར་ཆེན་པོ་བཅས་ནས་འཚོ་བ་དངོས་ལ་ལག་ལེན་ཐུབ་པར་བྱས་ཏེ་སློབ་མ་ཚོས་མཐོང་རྒྱུ་ཡོད་པ་དང་། རེག་རྒྱུ་ཡོད་པ། ཉམས་ལེན་ཐུབ་པ་བཅས་བྱས་ནས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ལས་གཏོད་ནང་ཞུགས་པའི་ཧུར་སེམས་ལ་སྐུལ་ཁྲིད་བྱས་པ་མ་ཟད། ལས་གཏོད་ཁྲོད་སློབ་མའི་ལས་ཞུགས་དང་ལས་རིགས་འདེམས་པའི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་ཡོད།

    ཁྲེང་ཞའོ་དབྱིང་གིས་སློབ་མ་96%ལྗོངས་ནང་ཁུལ་ནས་ཡིན་ཞིང་99%བོད་ནས་ཕྱིར་སྐྱོད་མྱོང་མེད་པ་ཤེས་རྟོགས་བྱུང་བས། ལྗོངས་ནང་ཁུལ་གྱི་སློབ་མར་ཕྱིར་བསྐྱོད་དེ་མཐོང་རྒྱ་ཆེ་རུ་གཏོང་བའི་གོ་སྐབས་རག་ཆེད། ཁྲེང་ཞའོ་དབྱིང་གིས་རང་ཉིད་ཀྱི་བོད་སྐྱོར་གྱི་ལེགས་ཆ་སྤྱད་དེ་ཐབས་བརྒྱ་ཇུས་སྟོང་གིས་ལྗོངས་ཕྱིའི་ཁེ་ལས་དང་འབྲེལ་གཏུག་བྱས་ནས་2018ལོར་སློབ་མ་ཁག་གཅིག་ལྗོངས་ཕྱིར་ལས་ཚབ་དངོས་སྦྱོང་བྱེད་པར་མངགས་པ་དང་། ལག་ལེན་བརྒྱུད་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་དུས་འགོའི་བཀག་རྒྱ་མེད་པ་བཟོས་པ་རེད། ལྗོངས་ཕྱིའི་ལས་ཚབ་དངོས་སྦྱོང་གི་དུས་འགོའི་རྨང་གཞི་ཡོད་པར་བརྟེན་2020ལོའི་ལོ་འགོར། སློབ་མ་42སྒྲིག་འཛུགས་བྱས་ནས“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་ཞུགས་ཐོག་མར་བྱས་ཏེ་སློབ་གྲྭ་དང་ཐ་ན་ལྗོངས་ཡོངས་ཀྱི་སློབ་ཐོན་སློབ་མའི་ལྗོངས་ཕྱིར“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ཐོག་མར་དར་སྤེལ་བཏང་ཡོད། ཁྲེང་ཞའོ་དབྱིང་གིས་ད་དུང་རང་ཉིད་ཀྱི་བོད་སྐྱོར་ལས་འགན་དང་ཟུང་འབྲེལ་བྱས་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལག་ལེན་དང་དར་སྤེལ་ཧུར་ཐག་བཏང་ཡོད། ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་བརྒྱུད། ཁྲེང་ཞའོ་དབྱིང་གིས་སློབ་གྲྭར་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱི་གསར་བརྗེའི་ཞིབ་སློབ་ཀྱི་རྣམ་པ་གསར་གཏོད་བྱས་པ་དང་། དགེ་སློབ་སྒྲིག་འཛུགས་བྱས་ནས་མཐའ་མཚམས་དང་གསར་བརྗེའི་འབྲོག་ཁང་ཆུང་ངུ་སོགས་སུ་བསྐྱོད་དེ་འབྲེལ་ཡོད་ལག་ལེན་སློབ་གསོ་སྤེལ་ནས་བོད་ཀྱི་དམག་དམངས་ཀྱིས་མཐའ་སྲུང་མཐའ་བརྟན་དང་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་བརྒྱུད་དགེ་སློབ་ཀྱི་སྙིང་སྟོབས་ལ་ཞུན་བརྡར་བྱས་པ་རེད། བསྡོམས་རྩིས་ལྟར་ན། 2021ལོར་ཞིབ་སློབ་སྒྲིག་འཛུགས་ཐེངས་དང་པོ་བྱས་ཚུན། ཞིབ་སློབ་ཁག་ཐེངས་40ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་སློབ་གསོ་ཐོབ་མཁན་དགེ་སློབ་རིམ་རྩིས་བརྒྱབ་ན་མི་ཐེངས་1500ལྷག་ཙམ་ཟིན་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།