དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མལ་གྲོ་གུང་དཀར་རྫོང་གིས།

    ཕྱོགས་མིའི་བུ་ཕྲུག་ལ་དམིགས་ནས་ཞིབ་སྦྱོང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    ཉེ་ཆར་མལ་གྲོ་གུང་དཀར་རྫོང་གི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་དོ་ཁུར་དང་གཅེས་སྐྱོང་ཞབས་ཞུའི་ས་ཚིགས་ཀྱིས་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་མཛུབ་ཁྲིད་འོག“འཚར་ལོངས་ཕུགས་འདུན་མངོན་འགྱུར་བྱེད། འཛམ་གླིང་འཚོལ་ཞིབ་བྱེད་པར་བརྩོན”ཞེས་པའི་ཞིབ་སྦྱོང་བྱེད་སྒོ་སྤེལ་ཞིང་། ཡུལ་དེའི་ཕྱོགས་མིའི་བུ་ཕྲུག་རྣམས་ཁྲིད་ནས་ལྷ་ས་གྲོང་ཁུལ་དུ་གནས་པའི་བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་དང་བོད་རང་སྐྱོང་ལྗོངས་མཛེས་རྩལ་ཁང་དུ་བསྐྱོད་དེ། ཕྲུ་གུ་ཚོ་ལག་ལེན་ཁྲོད་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱས་ཡོད།

    བྱེད་སྒོ་སྤེལ་བའི་ཉིན་མོར་ཕྲུ་གུ་ཚོ་སྔ་ས་ནས་འཛོམས་པ་མ་ཟད། ལས་དོན་པའི་སྣེ་ཁྲིད་འོག་གོ་རིམ་ལྡན་པའི་ངང་རླངས་འཁོར་ལ་བསྡད་དེ་དམིགས་སར་བསྐྱོད་པ་རེད། བོད་རང་སྐྱོང་རྟེན་མཛོད་ཁང་གི་སྐྲུན་དངོས་འགྲེམས་ཁུལ་དུ་ཆེད་ལས་གསལ་འགྲེལ་པས་ཡིག་རིས་དཔྱད་གཞི་དང་། དཔེ་དབྱིབས། བརྒྱུད་ལམ་སྣེ་མང་བཅས་སྤྱད་དེ་ཕྲུ་གུ་ཚོར་རྡོ་ཁང་ནས་ཕོ་བྲང་བར་གྱི་བོད་ཀྱི་ཨར་སྐྲུན་འཕེལ་རིམ་བརྗོད་པར། ཕྲུ་གུ་ཚོས་ནན་ཏན་ངང་ཉན་པ་མ་ཟད་དོན་གནད་གལ་ཆེན་རྣམས་ཟིན་བྲིས་བརྒྱབ་པ་རེད།

    དེ་རྗེས་ཕྲུ་གུ་ཚོ་བོད་རང་སྐྱོང་ལྗོངས་མཛེས་རྩལ་ཁང་དུ་ལྟ་སྐོར་ལ་བསྐྱོད་ཅིང་། དེ་གར་ཁོང་ཚོས་རི་མོ་དང་བརྐོས་བརྙན་གྱི་བརྩམས་ཆོས་སྣ་ཚོགས་ལ་བལྟས་ཏེ་སྒྱུ་རྩལ་མཁས་ཅན་ཚོས་ཐིག་རིས་དང་། ཚོན་མདོག བཟོ་དབྱིབས་བཅས་ལ་བརྟེན་ནས་ཡིད་ཀྱི་འགྱུར་བ་མཚོན་སྟངས་རྒྱུས་ལོན་བྱས་པ་རེད། ཕྲུ་གུ་ཚོར་སྒྱུ་རྩལ་གྱི་ཉམས་ལེན་དེ་བས་ལེགས་པོ་ཡོང་བའི་ཆེད་དུ། མཛེས་རྩལ་ཁང་གི་ལས་དོན་པས་ས་གནས་ས་ཐོག་ཏུ་སྒྱུ་རྩལ་གསར་རྩོམ་གྱི་བྱེད་སྒོ་སྤེལ་ཞིང་། ཕྲུ་གུ་ཚོར་སྨྱུ་གུ་བཟུང་ནས་སེམས་ནང་གི་འཇིག་རྟེན་རི་མོར་ཕབ་སྟེ། རང་ཉིད་ཀྱི་གསར་རྩོམ་ནུས་པ་དང་བསམ་བཀོད་འཕེལ་བར་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།

    ད་རེས་ཞིབ་སྦྱོང་གི་བྱེད་སྒོས་མལ་གྲོ་གུང་དཀར་རྫོང་གི་ཕྱོགས་མིའི་བུ་ཕྲུག་རྣམས་ལ་ཤེས་བྱ་སྦྱོང་བ་དང་མིག་རྒྱང་སྐྱེད་པའི་གོ་སྐབས་ཤིག་མཁོ་འདོན་བྱས་ཏེ། ཁོང་ཚོ་རིག་གནས་སྒྱུ་རྩལ་གྱི་ཤུགས་རྐྱེན་འོག་འཚར་ལོངས་དེ་བས་ལེགས་པོ་ཡོང་བར་བྱས་ཡོད། ས་གནས་ས་ཐོག་ཏུ་ལྟ་སྐོར་བྱས་པ་བརྒྱུད། ཕྲུ་གུ་ཚོས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་རྒྱུས་ལོན་སྔར་བས་ཟབ་པ་བྱུང་སྟེ་ཁོང་ཚོའི་མཛེས་དཔྱོད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།