དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སོར་རྩེར་བརྟེན་ནས་འོད་སྣང་སྒྲོན་མེ་སྤར། སྒྲ་རྟགས་ལ་བརྟེན་རེ་བ་བརྒྱུད་སྤྲོད་བྱས།

    ལོང་བ་ལས་གཏོད་པ་དཔལ་ལྡན་འགྱུར་མེད་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་དོན་གཉེར་གྱི་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    འདི་ནི་དཔལ་ལྡན་འགྱུར་མེད(གཡས)དང་ཁོང་གི་གྲོགས་པོ་རྒྱལ་མཚན་གྱིས་ལོང་ཡིག་སྐོར་གླེང་བཞིན་པ།

    བོད་དུ་མིང་ལ་དཔལ་ལྡན་འགྱུར་མེད་ཅེས་འབོད་པའི་ལོང་བ་ཁོང་ལ་མི་མང་པོས་རྒྱུས་མངའ་ཡོད། ཁོང་ནི་ལོང་ཡིག་ཡིག་སྒྱུར་བྱ་གཞག་གི་གསར་གཏོད་པ་ཞིག་རེད་ལ། རོལ་དབྱངས་ལ་བརྟེན་ནས་རེ་བའི་སྒྲོན་མེ་སྤོར་མཁན་ལོང་བའི་རོལ་དབྱངས་ཚོགས་པའི་གསར་གཏོད་པ་ཞིག་ཀྱང་རེད། ཁོང་གི་གཏམ་རྒྱུད་ནི་དཀའ་སྤྱད་སྙིང་རུས་དང་། དགའ་ཞེན། ལེགས་སྐྱེས་བཅས་ལས་བྱུང་བ་ཞིག་རེད།

    ལོང་ཡིག་གི་བསླབ་གཞི་དཀོན་པས་ལས་གཏོད་ཀྱི་རེ་བའི་མེ་སོན་སྤར།

    དཔལ་ལྡན་འགྱུར་མེད་ཀྱི་ལས་གཏོད་ཀྱི་སྐུལ་སློང་ནི་བྱིས་དུས་ཀྱི་སློབ་གཉེར་གྱི་དཀའ་ངལ་ལས་བྱུང་། འཛིན་གྲྭར་སློབ་མ་བྱིངས་དང་མཉམ་ཞུགས་ཀྱིས་སློབ་སྦྱོང་བྱེད་མཁན་སློབ་མ་ལོང་བ་ཞིག་གི་ངོས་ནས་ཁོང་གིས་ལོང་ཡིག་གི་བསླབ་གཞི་མེད་པའི་དཀའ་ངལ་བརྒྱུད་མྱོང་ཡོད། “བསླབ་གཞི་མེད་པས་མཐར་སློབ་གྲོགས་ལོང་བ་མང་པོ་ཞིག་སློབ་གྲྭ་ནས་འཐེན་དགོས་བྱུང་སོང”ཉམས་མྱོང་དེ་ལས་ཁོང་གི་སེམས་ཁམས་ཀྱི་ཞིང་སར་དད་སེམས་ཀྱི་མྱུ་གུ་ཞིག་འབུས་འགོ་ཚུགས་པ་ནི་ངེས་པར་དུ་བསླབ་གཞི་དེ་དག་ལོང་ཡིག་ཏུ་བསྒྱུར་ནས་སློབ་གྲོགས་ལོང་བ་ཚོར་སློབ་གཉེར་གྱི་ལམ་བུ་ཡངས་པོ་ཞིག་གཏོད་རྒྱུ་དེ་རེད།

    འོན་ཏེ་ལས་གཏོད་ཀྱི་ལམ་བུར་དཀའ་ངལ་མང་པོ་འཕྲད་ཡོད། འགྲོ་ལུགས་གཉེར་བ་དང་། ས་ཆ་འཚོལ་བ། མ་དངུལ་གྲབས་གསོག་སོགས་ཚང་མར་འགྲན་སློང་ཧ་ཅང་ཆེན་པོ་བྱུང་། “མི་མང་པོས་ལོང་ཡིག་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད། ཐ་ན་ལོང་ཡིག་ཡིག་སྒྱུར་ནི་གང་ཞིག་ཡིན་པ་ཤེས་མཁན་མེད”ཅེས་དཔལ་ལྡན་འགྱུར་མེད་ཀྱིས་འདས་དོན་ལ་དྲན་གསོ་བྱེད་བཞིན་བརྗོད། དཀའ་ངལ་དེ་ལྟ་བུར་ཁོང་གིས་མགོ་བོ་གཏན་ནས་སྒུར་མེད། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་རྒྱབ་སྐྱོར་དང་། དེ་བཞིན་སྤྱི་ཚོགས་ཐོག་གི་གཅེས་སེམས་མི་སྣའི་རོགས་རམ་འོག ཁོང་གི་ལོང་ཡིག་ཡིག་སྒྱུར་བྱ་གཞག་རིམ་བཞིན་ལམ་ལྷོངས་བྱུང་ཞིང་། དེ་བས་ཀྱང་དགའ་སྤྲོ་སྐྱེ་འོས་པ་ཞིག་ནི་བྱ་གཞག་འདིའི་དབང་གིས་སྤྱི་ཚོགས་ཐོག་དབང་པོ་སྐྱོན་ཅན་ལ་འཛིན་པའི་ལྟ་སྟངས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དེ་རེད།

    རོལ་དབྱངས། མུན་ནག་ཁྲོད་ཀྱི་འོད་སྣང་གཞན་ཞིག

    གླེང་མོལ་བྱེད་རིང་གསར་འགོད་པས་རོལ་དབྱངས་ནི་དཔལ་ལྡན་འགྱུར་མེད་ཀྱི་འཚོ་བའི་ཁྲོད་ཀྱི་དགའ་ཕྱོཌ་གཞན་ཞིག་ཡིན་པ་ཤེས། ཁོང་དེ་སྔ་བོད་ལྗོངས་སློབ་ཆེན་དུ་ཀང་ཆིན་རོལ་མོ་སྦྱོང་མྱོང་ཡོད། འོན་ཀྱང་ལོང་ཡིག་གི་དབྱངས་རྟགས་ཕུའུ་ཙི་མེད་པའི་དབང་གིས་དགེ་རྒན་གྱི་ངག་དང་རང་ཉིད་ཀྱི་དྲན་ཤེས་ལ་བརྟེན་ནས་སྦྱོང་བརྡར་ཡང་ཡང་བྱེད་རྒྱུ་ལས་མ་འདས། དེ་དུས་སྒྲ་བསྡུ་འཕྲུལ་འཁོར་ནི་ཁོང་དང་ཉིན་མཚན་ཀུན་ཏུ་འགྲོགས་པའི་གྲོགས་པོ་ལྟ་བུར་གྱུར། རྟག་ཏུ་ཉན་པས་དབྱངས་ཀྱི་འགྱུར་ཁུག་ཁོང་གི་ཀླད་པའི་ནང་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་གྱུར། ཁོང་གིས“རོལ་དབྱངས་ལ་བརྟེན་ནས་ངས་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་ལ་རྒྱུས་ལོན་ཐུབ་བྱུང”ཞེས་བཤད།

    དགའ་ཕྱོགས་དེར་བརྟེན་ནས་ཁོང་གིས་བློ་ཁ་མཐུན་པའི་གྲོགས་པོ་ལོང་བ་ཚོ་དང་མཉམ་དུ“སྐལ་བཟང་མེ་ཏོག་སྒྱུ་རྩལ་ཚོགས་པ”དང“ཁ་བཏགས་དཀར་པོ་ལོང་བའི་རོལ་དབྱངས་ཚོགས་པ”བཙུགས། ཁོང་ཚོས་རོལ་དབྱངས་ལ་བརྟེན་ནས་རང་ཉིད་མངོན་པ་དང་། རོལ་དབྱངས་རིག་པའི་ཤེས་བྱར་བརྟེན་ནས་རོལ་དབྱངས་ཀྱི་རྣམ་ཤེས་ལ་འགྲེལ་བརྗོད་བྱས། “ཞབས་བྲོའི་སྟངས་སྟབས་མ་མཐོང་ཡང་། ང་ཚོས་རྣ་ཤེས་ལ་བརྟེན་ནས་སྒྲ་རྟགས་དང་དབྱངས་རྟགས་མྱུར་དུ་དབྱེ་འབྱེད་ཐུབ་ཀྱི་ཡོད” རོལ་དབྱངས་ཚོགས་པ་ཡོད་པས། མི་དེ་བས་མང་བས་ལོང་བས་ཀྱང་སྒྱུ་རྩལ་གྱི་ཕུགས་འདུན་དོན་གཉེར་ཐུབ་པ་ཤེས་རྟོགས་ཡོང་བ་དང་དུས་མཚུངས། དབང་པོ་སྐྱོན་ཅན་གཞན་ལའང་སྐུལ་ལྕག་ཐེབས་ནས་སྙིང་སྟོབས་ཆེར་སྐྱེད་ཀྱིས་འཚོ་བའི་ཁྲོད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་རེ་བ་ཡོད་ཅེས་དཔལ་ལྡན་འགྱུར་མེད་ཀྱིས་བཤད།

    ཐོག་མའི་བསམ་འདུན་བརྟན་པོར་བཅངས། ལོང་བའི་ཚོགས་སྤྱིའི་འབྱུང་འགྱུར་རེ་བས་ཁེངས་པར་བྱས།

    ད་ཆ་དཔལ་ལྡན་འགྱུར་མེད་ཀྱིས་སྔར་བཞིན་ལོང་ཡིག་ཡིག་སྒྱུར་དང་རོལ་དབྱངས་ཁྱབ་སྤེལ་གྱི་ལམ་བུར་སྐྱོད་བཞིན་ཡོད། དཔལ་ལྡན་འགྱུར་མེད་ཀྱིས“ང་ཚོའི་དམིགས་ཚད་ཧ་ཅང་སྟབས་བདེ་ཡིན། དེ་ནི་སློབ་མ་ལོང་བར་དཔེ་དེབ་ཀློག་རྒྱུ་ཡོད་པ་དང་ལོང་བའི་རོལ་དབྱངས་འཛམ་གླིང་ལ་ཁྱབ་ཐུབ་པར་བྱ་རྒྱུ་དེ་ཡིན”ཞེས་བཤད།

    ཁོང་གི་གཏམ་རྒྱུད་ནི་ལོང་བ་ཞིག་གིས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སྐུལ་ལྕག་གི་ལེའུ་ཞིག་རེད་ལ། དེ་བས་ལེགས་སྐྱེས་དང་རེ་བའི་སྐོར་གྱི་བསྟོད་གླུ་ཞིག་ཀྱང་རེད། དཔལ་ལྡན་འགྱུར་མེད་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མུན་ནག་ཏུ་གནས་ཀྱང་སོར་མོའི་རྩེ་ནས་དཔེ་དེབ་ཀློག་ཐུབ་པ་དང་སྒྲ་རྟགས་ཐོག་ནས་རེ་བ་བརྒྱུད་སྤྲོད་ཐུབ་པའི་ར་སྤྲོད་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།