དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ངེས་པར་དུ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    —— ཨུ་རུ་སུ་མི་དམངས་མཛའ་གྲོགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཅི་མོ་ཧྥེ་ཡེ་ཧྥུའུ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཤའོ་ཤིན་ཤིན།   |     སྤེལ་དུས།  2025-05-16

    འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་རེད། ཨུ་རུ་སུ་མི་དམངས་མཛའ་གྲོགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་དང་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨའོ་ལེ་ཀོ·ཅི་མོ་ཧྥེ་ཡེ་ཧྥུའུ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ལོ་རྒྱུས་ཀྱི་སྐྱོ་གར་ཡང་བསྐྱར་ཐོན་པར་གཏན་འགོག་བྱེད་དགོས། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ངེས་པར་དུ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས”ཞེས་བརྗོད།

    འཛམ་གླིང་དམག་ཆེན་གཉིས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་ཉམ་ང་བའི་སྐྱོ་གར་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་རིང་གི་ཡོ་རོབ་དང་ཨེ་ཤེ་ཡའི་དམག་ས་གཙོ་བོ་ཡིན་པའི་ཨུ་རུ་སུ་དང་ཀྲུང་གོས་མཐའ་མའི་རྒྱལ་ཁ་ཐོབ་ཆེད་བློས་གཏོང་ཆེན་པོ་བྱས་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཅི་མོ་ཧྥེ་ཡེ་ཧྥུའུ་ཡིས། རྒྱལ་སྲུང་དམག་འཁྲུག་གིས་ཨུ་རུ་སུའི་ཁྱིམ་ཚང་ཕལ་ཆེ་བར་ཤུགས་རྐྱེན་ཐེབས་པ་དང་། ཧ་ལམ་ཁྱིམ་ཚང་ཚང་མ་ནས་དམག་འཁྲུག་གི་དཔའ་བོ་ཐོན་ཞིང་། ཨུ་རུ་སུའི་མི་དམངས་ཀྱི་དཔའ་བོའི་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་དར་སྤེལ་ཐུབ་ཡོད། “ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་པོས་འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ལྟ་བ་དར་སྤེལ་བཏང་ནས་འཛམ་གླིང་མི་དམངས་ལ་འཛམ་གླིང་དམག་ཆེན་གཉིས་པའི་བསླབ་བྱ་ཟབ་མོ་བློ་ལ་བརྟན་པོར་ངེས་དགོས་པའི་ཉེན་བརྡ་གཏོང་བར་གཞོལ་བཞིན་ཡོད”ཅེས་བརྗོད།

    ཅི་མོ་ཧྥེ་ཡེ་ཧྥུའུ་ཡིས། ལོ་རྒྱུས་བརྗེད་མི་རུང་ལ་དྲང་བདེན་ལ་འགྲན་སློང་བྱེད་མི་རུང་། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་དྲང་བདེན་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། རྒྱལ་ཁབ་རེ་ཟུང་དང་དེའི་སྲིད་ཚོང་པས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཁས་མི་ལེན་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་གཡོ་བཅོས་བྱེད་པའི་རེ་ངན་སྤྱོད་ངན་ལ། ཨུ་རུ་སུ་དང་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཕྲལ་ཐག་ཆོད་པོས་བཀག་འགོག་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་ངེས་ཡིན་ཞེས་བརྗོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བ་ང་ཚོས་རེ་སྒུག་བྱེད་བཞིན་ཡོད་ལ། ཡིད་ཆེས་ཀྱང་བརྟན་པོ་ཡོད”ཅེས་ཅི་མོ་ཧྥེ་ཡེ་ཧྥུའུ་ཡིས་བརྗོད་པ་དང་། ཁོང་གིས། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དམག་འཁྲུག་ཁྲོད་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་ནམ་ཡང་བློ་ལ་བརྟན་པོར་ངེས་པ་དང་འབྲེལ། ཕན་ཚུན་དབར་གྱི་རྩ་ཆེའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དང་མཉམ་ལས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    (འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་5ཚེས་9ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།