“ཀྲུང་ཡོས་ལོ་ལྔ་བཅུའི་རིང་ལག་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས”ཞེས་པའི་བརྗོད་དོན་གཙོ་བོའི་བསམ་བཀོད་ འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་པུ་རུ་སེར་དུ་འཚོགས་པ།
ཕན་ཚུན་དབར་གྱི་སེམས་པ་སྔར་བས་ཉེ་རུ་བཏང་སྟེ་མཛའ་གྲོགས་ཀྱི་ཟམ་པ་སྔར་བས་བརྟན་དུ་གཏོང་དགོས།
འདི་ནི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཉིན་ཤས་གོང་། ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉའི་ཚོགས་པས་གཙོ་གཉེར་བྱས་པའི“ཀྲུང་ཡོས་ལོ་ལྔ་བཅུའི་རིང་ལག་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས”ཞེས་པའི་བརྗོད་དོན་གཙོ་བོའི་བསམ་བཀོད་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཀྲུང་ཡོའི་གསར་རྩོམ་པས་ངོ་མཚར་ཆེ་བའི་རི་མོ་དང་། པར་རིས། བརྙན་ལམ་བཅས་ཀྱི་བརྩམས་ཆོས་འགྲེམས་སྟོན་བྱས་ནས་ཀྲུང་ཡོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད། ཀྲུང་ཡོའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་སོགས་མི་150ལྷག་ཙམ་བྱེད་སྒོར་ཞུགས་ནས་ཀྲུང་ཡོའི་མཛའ་གྲོགས་ཀྱི་དྲོ་སྐྱིད་ལྡན་པའི་དུས་སྐབས་དེར་ཐུན་མོང་ཐོག་དཔང་པོ་བྱས་པ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པ་ཉམས་ལེན་ཡང་བྱས་ཡོད།
ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་བསམ་བཀོད་འགྲན་བསྡུར་ཆེན་པོས“ངའི་མིག་ནང་གི་ཀྲུང་གོ”དང་།“ཀྲུང་ཡོའི་ལོ་ལྔ་བཅུའི་རིང་གི་བརྗེད་པར་དཀའ་བའི་སྐད་ཅིག”“ཡོ་རོབ་དུ་ཡོད་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ནོར་བུ་དོམ་ཁྲ”སོགས་བརྗོད་དོན་གཙོ་བོར་དམིགས་ནས་པར་རིས་དང་། འགུལ་རིས། བརྙན་ཐུང་སོགས་བརྩམས་ཆོས་300ལྷག་ཙམ་བསྡུ་རུབ་བྱས་ཏེ་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་དེ་བཞིན་མི་རྣམས་ཀྱིས་དགའ་ཤོས་བྱེད་པའི་བརྩམས་ཆོས་དཔྱད་འདེམས་བྱས་ཡོད། བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་རྒྱ་ཆས་འགྲེམས་སྟོན་དང་། དྲག་རྩལ་འཁྲབ་སྟོན། ཨོག་ལེན་ཆུང་བ་མཉམ་དཀྲོལ་སོགས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་མ་ཟད། ད་དུང་རྒྱ་ཆས་སྤྲོས་པ་དང་། ཡིག་གཟུགས་མྱོང་རོལ། ཇའི་རིག་གནས་སྟོན་པ་སོགས་མཉམ་འགུལ་འགྲེམས་སྟེགས་ཀྱང་བཀོད་སྒྲིག་བྱས་ཡོད།
“ངའི་བརྙན་ཐུང་ལས་ཡོ་རོབ་ཀྱི་གྲོགས་པོ་དེ་བས་མང་བས་ཀྲུང་གོར་ཤེས་རྟོགས་དང་ཀྲུང་གོར་དགའ་པོ་ཡོང་བར་ཕན་ཐོགས་རེ་ཡོད། ཡོ་རོབ་ཀྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་བསྐྱོད་ནས་མངོན་སུམ་དང་། སྣ་མང་། སྒོ་དབྱེ་བཅས་ཀྱི་ཀྲུང་གོར་དངོས་སུ་རྒྱུས་ལོན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད” བྱ་དགའ་ཨང་དང་པོ་ཐོབ་པའི་སང་ཏེ·ཁོར་གྱིས་དྲ་ཐོག་ཏུ་བརྙན་ཐུང་གསར་རྩོམ་བྱས་ནས་ལོ་8ལྷག་ཙམ་སོང་ཞིང་། ཁོང་གི་བརྩམས་ཆོས་མི་ཉུང་བ་ཞིག་ནི་ཀྲུང་གོའི་སྐོར་ཡིན་པ་དང་། གོ་ལ་ཧྲིལ་པོའི་དགའ་པོ་བྱེད་མཁན་ཁྲི་1800ལྷག་ཙམ་གྱི་དོ་ཁུར་ཐོབ་ཡོད། ཁོང་གིས། ཡོ་རོབ་ཀྱི་གཞོན་ནུ་དེ་བས་མང་བས་འབྲེལ་ལམ་སྣ་ཚོགས་བརྒྱུད་རྒྱ་ཡིག་སློབ་སྦྱོང་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་བྱེད་བཞིན་ཡོད་པས། འབྱུང་འགྱུར་ཡོ་ཀྲུང་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་ངེས་རེད་ཅེས་བརྗོད།
ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་དཔྱད་ཞིབ་ཨུ་ཡོན་གྱི་གྲས་ཤིག་ཡིན་པའི་པེར་ཀྲེམ་གྱི་སྒྱུ་རྩལ་མཁས་ཅན་ལི་ཧྥུའུ·ཏེ་ཡུང་ཀེ་ཡིས། དུས་རབས་གོང་མའི་ལོ་རབས་80པར་མཛེས་རྩལ་འགྲན་བསྡུར་དཔྱད་ཞིབ་ཨུ་ཡོན་གྱི་མིང་ཐོག་ནས་ཀྲུང་གོར་ཐེངས་དང་པོ་ཕྱིན་པ་དང་། དེ་ནས་བཟུང་ཀྲུང་གོ་དང་འབྲེལ་བའི་མདུད་པ་དམ་པོར་བཅིངས། དེ་རྗེས་ཁོང་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་ཡོད་ལ། བརྩམས་ཆོས་ཀྱང་2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཐོག་བཀྲམ་མྱོང་ཡོད། ཁོང་གིས“ང་ཀྲུང་གོར་ཧ་ཅང་དགའ་པོ་ཡོད། གང་ལགས་ཤེ་ན། ཀྲུང་གོས་རྟག་ཏུ་ང་ལ་མཛེས་པ་ཤེས་ཚོར་དང་མཛེས་པ་མྱོང་རོལ་གྱི་གོ་སྐབས་སྦྱིན་གྱི་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོས་ཡོ་རོབ་དང་ཀྲུང་གོའི་མི་དམངས་དབར་གྱི་འབྲེལ་གཏུག་དང་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད་པས་འགྲན་བསྡུར་ཆེན་པོའི་དཔྱད་ཞིབ་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་དེ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན་པ་ཟབ་མོ་ཚོར་བྱུང”ཞེས་གསར་འགོད་པར་བརྗོད།
ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ཧྥན་ལུང་ཕེ་ཡིས་ཤེས་རིག་ནི་སྤེལ་རེས་འགྲོ་འོང་ལས་སྣ་མང་ཕུན་སུམ་ཚོགས་སུ་འགྲོ་བ་ཡིན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་བསམ་བཀོད་འགྲན་བསྡུར་ཆེན་པོའི་ཐོག་བསམ་བཀོད་དང་མཛེས་པ་ཟུང་འབྲེལ་ལེགས་པར་མངོན་ནས། ཡོ་ཀྲུང་མི་དམངས་ཀྱིས་མཛེས་པ་དོན་གཉེར་དང་མཛེས་པ་མཉམ་སྤྱོད་བྱེད་པའི་བརྩེ་བ་བརྒྱུད་བསྒྲགས་བྱས་ཡོད། “ཡོ་ཀྲུང་དབར་དེ་འདྲའི་སྤེལ་རེས་དེ་བས་མང་བ་བྱས་ནས་ཕན་ཚུན་དབར་གྱི་སེམས་པ་སྔར་བས་ཉེ་རུ་བཏང་སྟེ་མཛའ་གྲོགས་ཀྱི་ཟམ་པ་སྔར་བས་བརྟན་དུ་གཏོང་དགོས”ཞེས་བརྗོད།
(འདི་ག་ཚགས་པར་ཁང་དུ་པུ་རུ་སེར་ནས་འབྱོར་བའི་གློག་འཕྲིན)