རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཚེ་རིང་བདེ་སྐྱིད།
མི་བཟང་ལས་བཟང་བྱས་ནས་མི་སེམས་དྲོ་བར་བྱེད་པ།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་ཟེ་སྟོད་གྲོང་ཚོར་ཚེ་རིང་བདེ་སྐྱིད་ཀྱི་སྐོར་གླེང་སྐབས། མང་ཚོགས་ཚང་མས་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་བཞིན་དུ་ཁོང་ནི་དྲོ་འཇམ་ཉི་འོད་ལྟར་མི་ཚོའི་སེམས་གཏིང་གི་ངོ་གནོང་མི་དགོས་པའི་མིག་དཔེ་ཞིག་རེད་ཅེས་བརྗོད་ཀྱི་ཡོད།
ལོ་ཤས་གོང་ཟེ་སྟོད་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་ཡིན་པའི་བགྲེས་སོང་ཆོས་སྒྲོན་གྱི་མིག་གཉིས་ཀ་ལོང་ནས་རང་སྐྱ་མི་འཕེར་བའི་གནས་སུ་གྱར། གྲོང་ཚོ་ཨུ་ལྷན་གྱིས་ཆོས་སྒྲོན་གྱི་དཀའ་ངལ་ཤེས་རྟོགས་བྱུང་རྗེས་ཏང་ཡོན་དང་བུད་མེད་བློ་མཐུན་ཚོས་ཁོང་གི་འཚོ་བར་རེས་མོས་ལྟ་རྟོག་བྱེད་རྩིས་བྱས། ལས་དོན་པས་བགྲེས་སོང་ལ་སྐད་ཆ་འདྲི་སྐབས་ཁོང་གིས་ཚེ་རིང་བདེ་སྐྱིད་ཀྱི་ཁྱིམ་དུ་སྡོད་འདོད་འདུག་ཅེས་བཤད།
བགྲེས་སོང་གིས་སེམས་ཐག་དེ་ལྟར་བཅད་དོན་ཡང་སྔོན་ཆད་ཚེ་རིང་བདེ་སྐྱིད་ཀྱིས་ཁོང་ལ་སེམས་རྩ་འཁོལ་པོས་རོགས་རམ་བྱེད་མྱོང་ཡོད་པས་རེད།
དེ་ཡང་ཆོས་སྒྲོན་ལོང་བ་མ་ཆགས་གོང་ཚེ་རིང་བདེ་སྐྱིད་ཀྱིས་རྟག་ཏུ་རང་ཁྱིམ་དུ་བཟོས་པའི་ལྟོ་ཆས་ཚ་པོ་སྐྱེལ་བ་དང་། ཁོམ་པ་ཡོད་དུས་བགྲེས་སོང་གི་ཁྱིམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་ལས་ཀ་ཙག་ཙིག་བྱེད་རོགས་བྱེད་ཀྱི་ཡོད་སྟབས་བགྲེས་སོང་ཁོང་གིས་སེམས་པ་བཟང་བའི་ཚེ་རིང་བདེ་སྐྱིད་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།
ཆོས་སྒྲོན་ཁྱིམ་དུ་བསུས་རྗེས་ཚེ་རིང་བདེ་སྐྱིད་ཀྱིས་བགྲེས་སོང་ཁོང་རང་ཉིད་ཀྱི་ཕ་མ་ལྟ་བུར་བརྩིས་ནས་བྱམས་སྐྱོང་ཆེན་པོ་བྱེད་ཅིང་། བགྲེས་སོང་གི་སོ་ཡག་པོ་མེད་སྟབས་ལྟོ་ཆས་བཟའ་བདེ་པོ་བཟོས་ནས་སྟེར་གྱི་ཡོད།
2013ལོའི་ཟླ་2པར་བགྲེས་སོང་ཆོས་སྒྲོན་གྱི་རྐང་པའི་གཅོང་ནད་ལངས་ཏེ་མལ་སར་ལུས། བགྲེས་སོང་ལ་ལྟ་རྟོག་བྱ་ཆེད་ཚེ་རིང་བདེ་སྐྱིད་ཀྱིས་ཕྱིར་གླ་པ་རྒྱུག་པའི་གོ་སྐབས་བློས་བཏང་ནས། ཁྱིམ་དུ་བསྡད་དེ་བགྲེས་སོང་ལ་གཡོག་རྒྱུག་པ་དང་འཚོ་བར་དཀའ་ངལ་ཇི་ཙམ་འཕྲད་རུང་ཁོང་གིས་བགྲེས་སོང་ལ་ལྟ་རྟོག་བྱེད་མཚམས་གཏན་ནས་བཞག་མེད། 2015ལོར་ཆོས་སྒྲོན་བག་ཕེབས་ངང་ཚེ་ལས་འདས།
གསར་འགོད་པས“རང་ཉིད་ཀྱི་གཉེན་ཉེ་མིན་རུང་དུས་ཡུན་རིང་པོ་དེ་འདྲ་གཡོག་བྱེད་རྒྱུག་དོན་གང་ཡིན་ནམ”ཞེས་དྲིས།
ཚེ་རིང་བདེ་སྐྱིད་ཀྱིས་དྲན་གདུང་ཆེན་པོས“ལས་ཀྱི་དབང་གིས་ཕན་ཚུན་ཐུག་འཕྲད་བྱུང་བས་ངས་བགྲེས་སོང་ཁོང་སྡུག་པོ་མྱོང་དུ་འཇུག་འདོད་མི་འདུག”ཅེས་བཤད།
ཚེ་རིང་བདེ་སྐྱིད་ཀྱི་བུ་མོ་པ་སངས་སྒྲོལ་དཀར་གྱིས་གསར་འགོད་པར“ཨ་མ་ལགས་ཀྱིས་རྣམ་ཀུན་ནས་དཀའ་ངལ་ཡོད་པའི་མི་ཚང་མར་བསམ་པ་རྣམ་དག་གིས་རོགས་རམ་གནང་གི་ཡོད”ཅེས་བཤད།
བཅར་འདྲི་བྱེད་རིང་གསར་འགོད་པར་ད་དུང་ཤེས་རྟོགས་བྱུང་གསལ། གཟའ་འཁོར་མི་རེ་ངོ་རེའི་རེས་གཟའ་པ་སངས་ལ་ཚེ་རིང་བདེ་སྐྱིད་ཕོ་བྲང་ཤང་ཆ་ཚང་སློབ་ཆུང་གི་སྒོ་རྩར་དུས་ཐོག་ཏུ་ཡོང་ནས་ལོ་མང་རིང་གྲོང་ཚོའི་གཞིས་ལུས་བྱིས་པ་སློབ་གྲྭ་ནས་བསུ་བ་དེ་ཁོང་གི་འཆར་ཅན་གྱི་ལས་ཀ་ཞིག་ཏུ་གྱུར་ཡོད།
ཚེ་རིང་བདེ་སྐྱིད་ཀྱིས“རང་ཉིད་ཀྱང་ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་སྟབས་ཕྲུ་གུ་གཞན་དག་ཚོའི་སྐྱོ་སྣང་གི་མིག་ཟུང་མཐོང་སྐབས་སེམས་གཏན་ནས་བཟོད་ཀྱི་མི་འདུག”ཅེས་བཤད།
ཡུལ་མི་ཚོས“ཚེ་རིང་བདེ་སྐྱིད་ཀྱིས་མི་ཚང་མར་རོགས་རམ་བྱེད་སྲིད་པས་དཀའ་ངལ་འཕྲད་སྐབས་ཁོང་བཙལ་ན་འགྲིག”ཅེས་རྟག་ཏུ་ཤོད་ཅིང་། ཚེ་རིང་བདེ་སྐྱིད་ཁྱིམ་གྱི་ཇ་དམ་དང་དཀར་ཡོལ་དེ་དག་ལས་བདེན་དཔང་ཐུབ་ཀྱི་ཡོད།
གྲོང་ཚོར་ལས་འགོ་བཙུགས་རིམ་བཞིན་ཚེ་རིང་བདེ་སྐྱིད་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཁོང་གིས་ལག་གཉིས་ཀར་ཇ་དམ་འཁྱེར་ནས་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་ལས་ཡུལ་དུ་སླེབས་རྗེས་ལས་ལ་བྲེལ་བཞིན་པའི་མི་རྣམས་ཇ་འཐུང་བར་སྐད་གཏོང་གི་ཡོད།
2013ལོར་ཕོ་བྲང་ཤང་གིས་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་བདམས་པ་ནས་2014ལོར་སྣེ་གདོང་ཆུས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་བར་དང་། དེ་ནས་2015ལོར་བོད་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་མཛེས་ཤོས”དང་། ལྷོ་ཁ་གྲོང་ཁྱེར་གྱི“སེམས་འགུལ་ཐེབས་པའི་མི་སྣ”2024ལོའི་ཟླ་8པར་སྣེ་གདོང་ཆུས་ཀྱི“ཀུན་སྤྱོད་དཔེ་བཟང་བར”བདམས་པ་བཅས་ཚེ་རིང་བདེ་སྐྱིད་ལ་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད། ཚེ་རིང་བདེ་སྐྱིད་ལ་ད་ལོ་སླར་ཡང“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་ཅིང་། བོད་རིགས་བུད་མེད་དཀྱུས་མ་དེས་ལོ་མང་ཉིན་གཅིག་ལྟར་དགེ་སྒྲུབ་ལས་ལ་གཞོལ་བཞིན་དུ་མི་དེ་བས་མང་བར་སྤྱིར་བཏང་གི་འཚོ་བའི་ཁྲོད་སྤྱིར་བཏང་མིན་པའི་བྱ་བ་སྒྲུབ་པར་སྐུལ་མ་བཏང་སྟེ། མུ་མཐུད་གཅེས་སེམས་དེ་བས་མང་བ་བརྒྱུད་སྤྲོད་བྱེད་བཞིན་མཆིས།