ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་དྲན་གསོའི་བྱེད་སྒོའི་མཚོན་རྟགས་ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་དྲན་གསོའི་བྱེད་སྒོའི་མཚོན་རྟགས་ཁྱབ་བསྒྲགས་བྱས་པ་རེད།
མཚོན་རྟགས་ནི་ལྕགས་རི་རིང་པོ་དང་། སྐྱུ་རུ་རའི་ཡལ་ག གཟི་འོད། གྲངས་ཀ“80” དུས་ཚོད“1945ལོ་ནས་2025ལོའི་བར”བཅས་ལས་གྲུབ་ཡོད། ལྕགས་རི་རིང་པོས་མི་རིགས་ཡོངས་ཀྱིས་བློ་སེམས་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་རི་འགོག་བྱས་པ་མཚོན་པ་དང་། དེའི་ནང་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་མཚོན་ཡོད། སྐྱུ་རུ་རའི་ཡལ་གས་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་ཚད་མེད་སྤྱད་ནས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ཞི་བདེ་བྱུང་བ་མཚོན་པ་དང་། དེའི་ནང་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཐུན་སྒྲིལ་བྱས་ཏེ་ཞི་བདེར་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པ་མཚོན་གྱི་ཡོད། གཟི་འོད་ལས་གྲུབ་པའི་རྒྱལ་ཁའི་སྒོ་མོ་དེས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི་དྲང་བདེན་གདུག་རྩུབ་ལས་རྣམ་པར་རྒྱལ་བ་དང་། འོད་ཟེར་མུན་ནག་ལས་རྣམ་པར་རྒྱལ་བ། ཡར་ཐོན་ལོག་སྤྱོད་ལས་རྣམ་པར་རྒྱལ་བའི་རླབས་ཆེན་གྱི་རྒྱལ་ཁ་མཚོན་པ་དང་། དེའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་མདུན་ལམ་འོད་ཟེར་སྟོང་ལྡན་ཡིན་པ་མཚོན་གྱི་ཡོད་པ་རེད།
མཚོན་རྟགས་དེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་ཁོར་ཡུག་བཀོད་སྒྲིག་དང་། མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་བྱེད་སྒོ། དེ་བཞིན་འབྲེལ་ཡོད་ཕྱི་འབྲེལ་ལས་དོན་བྱེད་སྒོའི་མཁོ་ཆས་བཟོ་བ་བཅས་ལ་་སྤྱོད་ཆོག་གི་ཡོད་པ་རེད།