སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས།
“མི་རིགས་མཐུན་སྒྲིལ་ནི་གལ་འགངས་ཤིན་ཏུ་ཆེ་བས། ང་ཚོ་མི་རིགས་ང་དྲུག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས”ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་རྣམ་བཤད་གལ་ཆེན་ཞིག་རེད།
“སེ་འབྲུའི་རྡོག་པོར”དཔེ་འཇོག་དོན་ནི། 2014ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིན་ཅང་ལ་རྟོག་ཞིབ་གནང་བར་ཕེབས་སྐབས་ཡུ་གུར་རིགས་ཀྱི་སྤུན་ཟླ་ཞིག་གིས་དེ་ལྟར་བཤད་པ་གསན་ཡོད། འཚོ་བ་དངོས་ལས་བྱུང་བའི་བབ་ཆགས་ཤིང་ནང་དོན་ཟབ་མོ་ལྡན་པའི་སྐད་ཆ་དེར་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ལ་བབས་ཡོད། 2014ལོའི་ཟླ་ལྔ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་མི་རིགས་ཁག་གིས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་བརྩི་མཐོང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཏེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་ཡོད། མཉམ་འདྲེས་གཅིག་སྒྲིལ་དང་། སྣ་མང་གཞི་གཅིག་ཅན་ནི་སེ་འབྲུའི་རྡོག་པོའི་ཁྱད་ཆོས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་སྤེལ་རེས་གནང་སྐབས། “སེ་འབྲུའི་རྡོག་པོའི”དཔེ་འདི་ཡང་ནས་ཡང་དུ་གསུང་གནང་གི་ཡོད། “སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས”ཞེས་པ་འདི་མི་རྣམས་ཀྱི་རྣར་འཇགས་ལྷུག་བཤད་ཀྱི་ལེགས་བཤད་གྲས་སུ་གྱུར་ནས་མི་དམངས་མང་ཚོགས་ཀྱི་སྙིང་དབུས་སུ་ཟུག་པའི་རིན་ཐང་ལྟ་བ་ཞིག་ཏུ་གྱུར།
ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་གྱིས་ལེགས་པར་བསྐྱངས་པའི་རླབས་ཆེན་མེས་རྒྱལ་དང་། རླབས་ཆེན་མི་རིགས་འདི་ཉིད་ནམ་ཡང་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་སེམས་ཀྱི་རྟེན་ས་ཟབ་ཤོས་དང་ཡུན་རིང་ཤོས་སུ་གྱུར་པས། ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པའི་ས་གཞི་འདིར་མི་རིགས་ཁག་གི་མི་དམངས་ལ་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡོད་པ་ནི་ཀྲུང་གོ་ཡིན་པ་དང་། ཚང་མར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་པ་ནི་ཀྲུང་ཧྭ་མི་རིགས་ཡིན་པ་མ་ཟད། ཚང་མར་ཐུང་མོང་གི་མིང་ཞིག་ཡོད་པ་དེར་ཀྲུང་གོ་བ་ཟེར་བ་དང་། ཚང་མར་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་རེད། ད་ཆ་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མི་རིགས་ཁག་གི་སེམས་པ་གཅིག་བསྒྲིལ་དང་གཅིག་ལ་གཅིག་རྟེན་དུ་གནས། མི་རིགས་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་འབད་འབུངས་མདུན་སྐྱོད་ཀྱིས་མཉམ་དུ་དེང་རབས་ཅན་གྱི་རྒྱང་ལམ་དུ་སྐྱོད་རིང་། ཤར་རྒྱུད་དང་ནུབ་རྒྱུད་དབར་ཁ་གཏད་མཉམ་ལས་རོགས་སྐྱོར་གྱི“ཕུའུ་ཅན་གྱིས་ཉིང་ཞ་ལ་རོགས་རམ་བྱེད་པའི་རྣམ་པ”བཏོད་པ་དང་། ཀོང་ཏུང་ཀྲུའུ་ཧའེ་ཡིས་ཡུན་ནན་གྱི་རྒྱལ་མོ་རྡུལ་ཆུར་ཁ་གཏད་རོགས་སྐྱོར་དང་ལྟ་རེས་སྐྱོང་རེས་ཀྱི“གཙང་པོ་དང་རྒྱ་མཚོའི་བརྩེ་བ་ཟབ་མོ”འཆང་བ། ཆ་སྒྲིག་ཁ་གཏད་ཀྱིས་ཤིན་ཅང་ལ་རོགས་སྐྱོར་དང་། བོད་ལ་རོགས་སྐྱོར་གྱི་འཛད་མེད་བརྩེ་བའི“གཉེན་ཉེ”ལྟ་བུ་ལས་མི་རྣམས་ལ་སེམས་འགུལ་ཐེབས་པའི་གཏམ་རྒྱུད་བརྗོད་ཀྱིས་མི་ལང་བ་ཞིག་བརྩམས་ཡོད།
ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་གི་མི་དམངས་མཉམ་འདྲེས་གཅིག་སྒྲིལ་གྱིས་སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤིག་ཡིན་ལ། མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་གཅིག་གྱུར་མཉམ་བཏོད་དང་འཕེལ་རྒྱས་དང་སྲ་བརྟན་གཅིག་གྱུར་གྱི་ལོ་རྒྱུས་ཤིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཁྲོད་ཆགས་པར་བརྟེན། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཁྲོད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཐུབ་ངེས་ཡིན་པས། མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཔུང་པ་མཉམ་གཤིབ་ངང་འབད་འཐབ་ཀྱིས་ཀྲུང་ཧྭ་མི་རིགས་འདི་ཉིད་མོས་སེམས་དེ་བས་ཆེ་བ་དང་། གོང་བུ་སྒྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཏུ་ཆགས་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ཚེ། གཞི་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བསམ་པའི་ལྕགས་རི་རིང་པོ་སྲ་བརྟན་ཞིག་བསྐྲུན་ཐུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ།