འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་འགལ་བ་ཐག་གཅོད་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་པ།
ཟླ་5ཚེས་10དང་ཚེས་11ཉིན། ཀྲུང་གོ་དང་ཨ་རིའི་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་སུའེ་ཙེར་གྱི་རི་ནེ་ཝར་བྱས་ཤིང་། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག ཐེངས་དེའི་གྲོས་མོལ་ནི་ཁ་ཞེ་གཉིས་མེད་དང་། གཏིང་ཟབ་པ། དགེ་མཚན་ལྡན་པ་བཅས་ཡིན་པས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་ངོ་བོའི་རང་བཞིན་གྱི་འཕེལ་རིམ་བྱུང་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་དབར་གྱི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་འཛུགས་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱས་པས། འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ནས་འགལ་བ་ཐག་གཅོད་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་པ་དེས། འགལ་བ་སེལ་བ་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད་རྨང་གཞི་བཏིང་བ་དང་མཐུན་རྐྱེན་སྐྲུན་ཡོད།
ཀྲུང་གོ་དང་ཨ་རིའི་དབར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པོ་ཡོད་མིན་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འཕེལ་ཕྱོགས་དང་འབྲེལ་བ་ཡོད། རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ཐོག་སྤེལ་བའི་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་གསལ་བསྒྲགས་ནང་བཏོན་དོན། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་ཀྱི་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱུང་བ་མ་ཟད། རྒྱུན་མཐུད་ཆོག་པ་དང་། ཡུན་རིང་། གཉིས་ཕན་བཅས་ཀྱི་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བའི་གལ་ཆེའི་རང་བཞིན་ལའང་ངོས་འཛིན་ཐུབ་ཡོད། ཐེངས་དེའི་ཀྲུང་གོ་དང་ཨ་རིའི་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་ལ་ངོ་བོའི་རང་བཞིན་གྱི་འཕེལ་རིམ་བྱུང་ནས། ཕྱོགས་གཉིས་པོའི་དབར་གྱི་སྒོ་ཁྲལ་གྱི་ཚད་གཞི་ཤུགས་ཆེན་བཅག་པ་སྟེ། ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་སྣོན་བསྡུ་91%མེད་པར་བཟོས་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཀྱང་དེ་མཚུངས་ཀྱིས་ལན་སློག་སྒོ་ཁྲལ་91%མེད་པར་བཟོས་པ་དང་། ཨ་རི་ཕྱོགས་ཀྱིས“སྒོ་ཁྲལ་འདྲ་མཚུངས”24%གནས་སྐབས་ལག་བསྟར་བྱེད་མཚམས་བཞག་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཀྱང་དེ་མཚུངས་ཀྱིས་ལན་སློག་སྒོ་ཁྲལ་24%གནས་སྐབས་ལག་བསྟར་བྱེད་མཚམས་བཞག་ཡོད། གོ་ལ་ཧྲིལ་པོའི་ཁྲོམ་རའི་ཚུར་སྣང་ལན་ཆ་ཟབ་མོ་ལས་བྱ་ཐབས་དེ་རྒྱལ་ཁབ་གཉིས་པོའི་ཐོན་སྐྱེད་བྱེད་མཁན་དང་འཛད་སྤྱོད་པའི་རེ་སྒུག་དང་མཐུན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་འཛམ་གླིང་གི་ཐུན་མོང་ཁེ་ཕན་དང་ཡང་མཐུན་ཡོད།
འཕེལ་རྒྱས་ཀྱི་དུས་རིམ་དང་དཔལ་འབྱོར་ལམ་ལུགས་མི་གཅིག་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་འགལ་བ་དང་མི་མཐུན་པ་བྱུང་བ་ནི་རྒྱུན་གཏན་ཞིག་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་ཁྲིད་སྟོན་དུ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཡོང་བའི་རྩ་དོན་ལ་གཞིགས་ནས། འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་གང་ལེགས་བྱེད་པའི་ཐབས་ཤེས་འཚོལ་རྒྱུ་ནི་འགག་རྩ་ཡིན། ད་ཐེངས་ཀྱི་ཀྲུང་གོ་དང་ཨ་རིའི་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་ལ་ཐོབ་པའི་གྲུབ་འབྲས་ལས། འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་གྲོལ་མོལ་བྱེད་པ་ནི་ཕྱོགས་གཉིས་པོའི་འགལ་བ་ཐག་གཅོད་བྱེད་པའི་ཐབས་ལམ་ཡང་དག་ཅིག་ཡིན་ལ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་མུ་མཐུད་ཕན་ཚུན་དཔུང་པ་མཉམ་གཤིབ་ཐུབ་པའི་ཐབས་ལམ་འཚོལ་ཞིབ་བྱེད་པའི་དགོས་མཁོ་དང་མཐུན་པའང་མངོན་ཡོད།