དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ།

    གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1947བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-14

    འདི་ལོ་ཚུན་དུ། རང་རྒྱལ་གྱི་ས་ཆ་མང་པོ་ཞིག་གི་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1947བཏང་བ་དེ་དུས་མཚུངས་ལས་5.3%འཕར་ནས། ལྕགས་ལམ་འཛུགས་སྐྲུན་ལ་མ་དངུལ་བཏང་བ་དེས་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་གང་ལེགས་ཐོན་ཏེ་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་ལེགས་སུ་འགྲོ་བར་སྒུལ་ཤུགས་གསར་པ་ཧུར་ཐག་བསྣན་ཡོད།

    ཟླ་དང་པོ་ནས་བཞི་པའི་བར། ལྕགས་ལམ་སྡེ་ཚན་གྱིས་ལྕགས་ལམ་འབྲེལ་མཐུད་དང་། ཁ་གསབ། སྦྲེལ་ཐག་སྟོབས་ཆེར་གཏོང་བ་བཅས་གཙོ་གནད་དུ་བྱས་ནས། ཨར་ལས་སྒྲིག་འཛུགས་ལེགས་སུ་གཏོང་བ་དང་། བདེ་འཇགས་ཀྱི་སྤུས་ཚད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ལས་གྲྭའི་མ་འཇོག་ཚོད་འཛིན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྤུས་ལེགས་ནུས་ཆེའི་ངང་སྐུལ་འདེད་བཏང་བས། ལྕགས་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་མང་པོ་ཞིག་ལ་འཕེལ་རྒྱས་ཡག་པོ་བྱུང་ཡོད།

    ཀན་སུའུ་རུ་ཀྲུང་གོ་ལྕགས་ལམ་ཅུས་བཅོ་བརྒྱད་པ་ཚོགས་པ་ཞུགས་ནས་བསྐྲུན་པའི་ལན་ཧོ་ལྕགས་ལམ་གྱིས་ལུགས་སྒྲོམ་ཐོག་མ་སྒྲིག་སྦྱོར་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ལན་ཧོ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ལུགས་སྒྲོམ་སྒྲིག་སྦྱོར་བྱེད་པའི་ཨར་ལས་དུས་མཚམས་སུ་སླེབས་པ་མཚོན་ཡོད། ཐེན་ཅིན་དུ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པ་ཚོགས་པས་སྐྲུན་འགན་ཁུར་བའི“ལེ་དབར་སྟོང་གི་ཧའེ་ཧོ་གཙང་པོའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་དང་པོའི”ཅིན་ཝེ་མྱུར་བགྲོད་ལྕགས་ལམ་གྱི་ཐེན་ཅིན་ཧའེ་ཧོ་ཆུ་ནང་ཕུག་ལམ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། དྲུས་པའི་ཞེང་ཚད་ཆེ་ཤོས་སྨི་13.8ཟིན་པའི་སོར་འབིགས་འཕྲུལ་ཆས་ཀྱིས་ཧའེ་ཧོ་ཆུ་གཏིང་སྨི་5000སྔོག་པའི་འགག་སྒོ་ཆེན་པོ་སྒྲོལ་ཐུབ་ཉེར་ཡོད། ཀུའེ་ཀྲོའུ་རུ་ཧོང་པའེ་ལྕགས་ལམ་ཀུའེ་ཀྲོའུ་དུམ་བུའི་ཟམ་ཆེན་རིང་ཤོས་དབྱང་ཅཱ་ཧོ་ཟམ་ཆེན་སྐྲུན་ཡུལ་དུ་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གསུམ་པ་ཚོགས་པའི་ཨར་སྐྲུན་པ་200ལྷག་ཙམ་གྱིས་ཟམ་ཆེན་གྱི་ཟམ་གདན་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། དབྱང་ཅཱ་གཙང་པོའི་ཟམ་ཆེན་ཧྲིལ་པོའི་རིང་ཚད་ལ་སྨི་2428ཡོད་པ་དང་ཟམ་གདན་མཐོ་ཤོས་ལ་སྨི་117ཡོད་པ་དེ་ནི་ཧོང་པའེ་ལྕགས་ལམ་གྱི་དཀའ་གནད་ཆེ་བའི་ལས་གྲྭ་གལ་ཆེན་ཞིག་རེད། ཅང་སུའུ་རུ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པ་ཚོགས་པས་སྐྲུན་འགན་ཁུར་བའི་ཧྲང་ཧའེ་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཐུང་ཐའེ་དབྱང་ཟམ་ཆེན་གྱིས་ཀུའུ་མཱ་ཆུ་གཞུང་སྒྲོལ་བའི་ཟམ་གདན་བདེ་བླག་ངང་འབྲེལ་མཐུད་ཐུབ་ནས་རང་བྱུང་ཆུ་བོ་སོགས་ཉེན་ཁ་ཚབས་ཆེན་གྱི་འབྱུང་རྩ་བདེ་བླག་ངང་བསལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།