“གྲོགས་པོ་ཀྲུང་གོ་བས་ང་ཚོར་ཕྱུག་འགྱུར་གྱི་ལམ་བུ་ཡག་པོ་ཞིག་བཏོད་བྱུང”
འདི་ནི་ཟོག་འཁོར་ཞིག་ཆི་ལིའི་གཞུང་ལམ་ཨང་5པའི(ཐར་ཁ་ནས་ཆི་ལན་དུམ་བུའི་བར)ལམ་རིན་བསྡུ་ས་ནས་འགྲོ་བཞིན་པ།(འདི་ག་ཚགས་པར་གྱི་ལ་ཏིང་མེ་གླིང་ལྟེ་བའི་ཡན་ལག་ཁང་གི་ལུའུ་དབྱི་སི·པུ་ལན་ཁོའོ་ཡིས་པར་བརྒྱབ)
ཆི་ལིའི་མ་ཝུའུ་ལའེ་ཁུལ་ཆེན་གྱི་གྲལ་སྟར་འགྲིག་པའི་རྒུན་འབྲུམ་སྒྲོམ་དང་སྤེལ་མར་ཆགས་པའི་ཤིང་འབྲས་སྡོང་པོར་ཉི་འོད་འཕྲོས་ནས་རྩྭ་སྔོན་པོ་དང་འདམ་ས་མཉམ་འདྲེས་ཀྱི་དྲི་བསུང་ཞིག་འཐུལ། རླངས་འཁོར་ཆི་ལིའི་གཞུང་ལམ་ཨང་5པའི་ཐར་ཁ་ནས་ཆི་ལན་དུམ་བུ(གཤམ་དུ“ཐ་ཆི་དུམ་བུ”ཞེས་བསྡུ་རྒྱུ)ནས་ཐོན་ཏེ་དབེན་ཞིང་འཇམ་པའི་གྲོང་གསེབ་ཀྱི་ལམ་ཆུང་ཞིག་བརྒྱུད་སྐར་མ་20ཡང་མ་འགོར་བར་རི་རྒྱུད་ཀྱི་ལྟེ་བར་ཆགས་པའི་ལུའོ་ཏེ་ལི་ཀེ་སི་ཁྱིམ་རྒྱུད་ཀྱི་ཤིང་འབྲས་ལྡུམ་ར་སྟེ། ཡུལ་དེ་གའི་དཔེ་མཚོན་གྱི་ཁྱིམ་ཚང་གཞིས་ཀ་ཞིག་ཏུ་སླེབས།
“དགའ་བསུ་ཞུ”ཞེས་ཤོད་བཞིན་དུ་ཕྱི་ལུགས་གོས་ཐུང་དང་རྩྭ་ཞྭ་གྱོན་པའི་གཞིས་ཀའི་སྤྱི་ཁྱབ་ཅིང་ལི་ཕ་པུའུ་ལུའོ·ལུའོ་ཏེ་ལི་ཀེ་སིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་དང་། ཁོང་གི་ལུས་ནས་ཤིང་འབྲས་འདེབས་མཁན་གྱི་བབ་ཆགས་ཉམས་འགྱུར་མངོན་ལ་ཁེ་ལས་པའི་གདེང་ཚོད་ཀྱང་དེ་བས་མངོན།
“ཀྲུང་གོའི་ཁེ་ལས་ཀྱིས་ཆི་ལིའི་གཞུང་ལམ་ཨང་5པ་རྩིས་བླངས་པ་དང་འབྲེལ་རིམ་སྤོར་སྒྱུར་བཀོད་བྱས་རྗེས། ང་ཚོའི་ཤིང་ཏོག་ཁྲེ་ལི་ཙི་མྱུར་ལ་བརྟན་པོའི་ངང་ཀྲུང་གོའི་ཁྲོམ་རར་དབོར་ཐུབ་ཅིང་། གྲོགས་པོ་ཀྲུང་གོ་བས་ང་ཚོར་ཕྱུག་འགྱུར་གྱི་ལམ་བུ་ཡག་པོ་ཞིག་བཏོད་བྱུང་ཞེས་ཚང་མས་ཤོད་ཀྱི་འདུག”ལུའོ་ཏེ་ལི་ཀེ་སིས་བཤད་པའི་ཆི་ལིའི་གཞུང་ལམ་ཨང་5པ་ནི་ཆི་ལིའི་ལྷོ་བྱང་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་མ་ལམ་ཞིག་ཡིན་པ་དང་། དེའི་ནང་ཐ་ཆི་དུམ་བུའི་རིང་ཚད་ལ་སྤྱི་ལེ་195ཙམ་ཡོད། ཆི་ལིའི་ཤིང་ཏོག་ཁྲེ་ལི་ཙི་ཐོན་ཁུལ་གཙོ་བོ་ཡིན་པའི་མ་ཝུའུ་ལའེ་ཁུལ་ཆེན་བརྒྱུད་དགོས་སྟབས་ས་གནས་དེ་གའི་མིས་ཤིང་ཏོག་ཁྲེ་ལི་ཙི་ཡི་གཞུང་ལམ་ཞེས་ཀྱང་ཟེར་བ་དང་དེ་ནི་མེ་གླིང་ཆེན་པོའི་ཁུལ་གཞུང་ལམ་གྱི་ཆི་ལིའི་མངའ་ཁོངས་ཀྱི་འགྲིམ་འགྲུལ་འཁྲུག་ཤོས་ཀྱི་གྲས་ཤིག་རེད།
གཞུང་ལམ་ཨང་5པ་ནི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱིའི་ཚོགས་པས(གཤམ་དུ“ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན”ཞེས་བསྡུ་རྒྱུ)“མ་འཇོག་དང་འཛུགས་སྐྲུན་གཉེར་སྐྱོང་གཞི་གཅིག་ཅན”གྱི་རྣམ་པ་སྤྱད་དེ་གཉེར་སྐྱོང་བྱེད་བཞིན་ཡོད་པ་རེད། 2021ལོར་གཞུང་ལམ་དུམ་བུ་དེའི་དམིཌ་བསལ་ཆོག་འཐུས་གཉེར་སྐྱོང་རྣམ་གྲངས་རྩིས་བླངས་པ་ནས་བཟུང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གྱིས་གཞུང་ལམ་རིམ་སྤོར་རྒྱ་སྐྱེད་དང་རིག་ནུས་ཅན་གྱི་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་སྟེ། ཐ་ཆི་དུམ་བུར་སྤྱི་ལེ་30ཡི་རྒྱ་སྐྱེད་ལས་གྲྭ་དང་སྤྱི་ལེ་54ཡི་གྲོང་སྐོར་ལམ་ཇུས་འགོད་དང་ཨར་སྐྲུན་དང་དེ་བཞིན་གློག་རྡུལ་ལམ་རིན་བསྡུ་བའི་མ་ལག་13འཛུཌ་སྐྲུན་ཚུད་པ་དང་། 2022ལོར་འཕྲོ་ཟློས་ངོས་བཟུང་ལག་རྩལ་སྤྱད་དེ་རང་འགུལ་གྲོན་བསྡུ་སྔོན་ལ་མངོན་འགྱུར་བྱུང་ཡོད། 2023ལོར་འཁོར་རྒྱུག་བྱེད་འགོ་ཚུགས་པའི་ཆི་ལན་ནས་ཁོའོ་དབྱི་ཕུའུ་དབྱི་བར་གྱི་དུམ་བུ་དེ་ཐ་ཆི་དུམ་བུའི་ལྷོ་ཕྱོཌ་ཀྱི་སྣུར་སྲིང་ལམ་ཐིག་ཡིན་པའི་ངོས་ནས་སྤྱི་ལེ་166ཡོད་པའི་ད་ཡོད་ལམ་ཐིག་གི་སྒྱུར་བཀོད་དང་སྤྱི་ལེ་6.6ཡི་ཉིང་ལག་ལམ་ཐིག་གསར་པ་འཛུཌ་སྐྲུན་བྱེད་པ་ཚུད་ཡོད་པ་དང་། ལམ་ཐག་ཡོངས་ལ་སྤྱི་ལེ་172.6ཟིན་ཡོད། རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་རྗེས་ཆི་ལིའི་ལྷོ་རྒྱུད་གྲོང་ཁྱེར་ཚོམ་བུའི་ལྟེ་བའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་དང་ཆི་ལིའི་ལྷོ་བྱང་ས་ཁུལ་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། ལམ་རྒྱུད་ཀྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད།
ཧུའུ་ཨན·ཨར་ཝ་ལེ་སི་ནི་དུས་ཡུན་རིང་པོར་ཆི་ལིའི་ཐར་ཁ་གྲོང་ཁྱེར་དང་ཁོའོ་དབྱི་ཕུའུ་དབྱི་གྲོང་ཁྱེར་དབར་འགྲོ་འོང་བྱེད་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཞིག་རེད། ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར“ཀྲུང་གོའི་ཀུང་སིས‘འགོག་མེད་འགྲོ་སྐྱོད’བྱེད་སྟངས་ཁྱབ་གདལ་བཏང་བས་གུ་དོག་པའི་འགྲིམ་འགྲུལ་མངོན་གསལ་དོད་པོས་ཞི་ལྷོད་དུ་ཕྱིན་པ་མ་ཟད། སྐྱེལ་འདྲེན་དུས་ཡུན་ཐུང་དུ་ཆེས་ཆེར་ཕྱིན་སོང་། ད་ཆ་ས་གནས་གཉིས་དབར་དངོས་ཟོག་སྐྱེལ་འདྲེན་བྱེད་པར་ཆུ་ཚོད་གཉིས་ལྷག་ཙམ་ལས་འགོར་གྱི་མེད་པ་དང་། ཉིན་གཅིག་ལ་ཕར་འགྲོ་ཚུར་འོང་ཐེངས་གཉིས་བྱེད་ཐུབ་པས་ངའི་ཡོང་འབབ་ཀྱང་སྔོན་ཆད་ལས་དེ་བས་མང་དུ་ཕྱིན་སོང”ཞེས་བཤད། གསར་འགོད་པས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་གསལ། རྣམ་གྲངས་ལམ་རྒྱུད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་དམངས་ཚོགས་ཀྱི་འཚོ་བར་དགའ་འོས་པའི་འགྱུར་ལྡོག་བྱུང་བ་སྟེ། ས་གནས་དེ་གར་མྱུར་སྐྱེལ་དང་། མཁོ་ཚོང་། དྲ་ཚོང་སོགས་འབྲེལ་ཡོད་ལས་ཀ་བྱེད་མཁན་ཇེ་མང་དུ་ཕྱིན་ནས་ཡོང་འབབ་ཆེས་ཆེར་འཕར་ཡོད་པ་རེད།