ནག་ཆུ་གྲོང་ཁྱེར་གྱིས།
གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ་དང་། “དཔེ་སྟོན་གྲོང་ཁྱེར་བཞི”འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད།
ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། 2024ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་15ལ་རྒྱུན་རྣམ་ཅན་གྱི་གྲལ་བཤེར་བྱས་ཡོད། གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་སྲ་བརྟན་ལེགས་གཏོང་གི་བྱ་སྤྱོད་ལག་བསྟར་བྱས་ནས་གྲོང་འཕེལ་ཚོགས་པ་དང་། སྤྱི་སྤྱོད་བྱ་གཞག་ཚོགས་པ། རྒྱལ་ཁབ་མ་འཇོག་ཚོགས་པ་བཅས་གཞུང་ཁོངས་ཁེ་ལས་གསུམ་གྱི་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལེགས་གྲུབ་བྱས་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཁྱབ་ཁོངས་ཀྱི“མཉམ་འདྲེས་གཉིས”ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་ཀྲི་པུའུ་13དང་ཁོངས་གཏོགས་སྡེ་ཁུལ་གྱི་ཏང་རྩ་འཛུགས་དབར་ཆ་སྒྲིག་མཉམ་སྐྲུན་གཏིང་ཟབ་བྱས་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་རྩ་འཛུགས་91ཚང་མ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་བྱས་ཟིན་པ། གྲོང་ཁྱེར་ཡོངས་ཀྱི“ཡོད་པ་གསུམ”གྱི་ཚད་གཞིའི་སྤྱི་དབང་མིན་པའི་ཁེ་ལས་ལ་ཏང་རྩ་འཛུགས་ཁྱབ་ཚད་89.47%ཟིན་པ་དང་སྤྱི་ཚོགས་རྩ་འཛུགས་ལ་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་རྒྱུ་རྒྱུན་འཁྱོངས་བྱས་པ། རང་སྐྱོང་ལྗོངས་རིམ་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་36དང་ལྗོངས་ཡོངས་ཀྱི“བཟང་པོ་དྲུག”གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་ཀྲི་པུའི་དཔེ་སྟོན་ས་ཚིགས་3བདེ་བླག་ངང་འཛུགས་གཏོད་བྱས་ཡོད།
ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་སྐུལ་མ་གཏིང་ཟབ་བཏང་ཞིང་། ནག་ཆུ་གྲོང་ཁྱེར་གྱིས་རིམ་པ་ལྔའི་རྩ་འཛུགས་ཀྱི་འབྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས། ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་5དང་སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ་51བཙུགས་པ་དང་དྲ་མིག་1860ལེགས་སྒྲིག་ལེགས་སྒྱུར་བྱས་པ་དང་། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལས་ཀ་སྒྲུབ་སྟངས་སྤྱད་དེ་གྲོང་ཚོ་རིམ་པའི་ལས་དོན་ཁག་12740ལ་ཇུས་ཐག་བཅད་པ་དང་། གྲོང་ཚོ་རིམ་པའི་ལས་དོན་ཁག་14003ཡོངས་བསྒྲགས་བྱས་ཡོད།
ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ཅིང་། ནག་ཆུ་གྲོང་ཁྱེར་གྱིས་རིམ་པ་དང་རིགས་དབྱེ་བ་དང་དེ་བཞིན་དྲ་ཐོག་དང་དྲ་ཕྱི་ནས་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་གསོ་སྦྱོང་ཐེངས་24བྱས་པར་མི་ཐེངས་8000ལྷག་ཙམ་ཞུགས་པ་དང་། གྲོང་ཚོའི་ལས་བྱེད་པ་གཙོ་བོ་དང་གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་119སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་རེས་སྐོར་སྦྱོང་བརྡར་བྱས་པ། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིར་རིགས་དབྱེ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་དུས་ཐེངས་1127བྱས་པར་མི་ཐེངས་ཁྲི་1.6ཟིན་ནས་གྲོང་ཚོ་གཞན་གྱི་ལས་བྱེད་པ་མི་ཐེངས་8146གསོ་སྦྱོང་ལ་ཞུགས་ཡོད། ཕྱོགས་མི་ཏང་ཡོན་2000ལྷག་ཙམ་གྱི་སློབ་གསོ་དང་དོ་དམ་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་དང་ལེགས་བཅོས་བྱས་ཡོད།
ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་ཞིང་། ནག་ཆུ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་ཡོན་འཕེལ་རྒྱས་བཏང་ཞིང་། བསྡོམས་རྩིས་ལྟར་ན། 2024ལོར་གྲོང་ཁྱེར་ཡོངས་སུ་ཁྱོན་ཏང་ཡོན་2343འཕེལ་རྒྱས་བཏང་བའི་ནང་བུད་མེད་ཏང་ཡོན་1080ཡོད་པ་དང་། ལོ་35དང་དེའི་མན་གྱི་གཞོན་ནུ་ཏང་ཡོན་2018 ཞིང་འབྲོག་པ་ཏང་ཡོན་1002 ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་ཏང་ཡོན་939བཅས་ཡོད། ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་འགོད་པ་གཉིས”རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པས་ཏང་ཡོན་ཁྲི་1.3ལྷག་ཙམ་སྡེ་ཁུལ་དུ་འབྲེལ་གཏུག་དང་འབྱོར་ཐོ་འགོད་པར་སྒྲིག་འཛུགས་བྱས་པ་དང་། ཏང་ཡོན་ཁྲི་1.6ལྷག་ཙམ་གནས་ཡུལ་སྡེ་ཁུལ་དུ་འབྱོར་ཐོ་བཀོད་དེ་བསམ་འདུན་ཆུང་ངུ་ཁག་1200ལྷག་ཙམ་བསྡུ་རུབ་དང་ལག་བསྟར་བྱས་པ་དང་། སྡེ་ཁུལ་གྱི་ལས་དོན་ལ་རོགས་རམ་བྱས་པར་མི་ཐེངས་4500ལྷག་ཙམ་ཟིན་ཡོད།