དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཛེས་མཐུན་གྲོང་གསེབ་སྐྲུན། ཁྱིམ་གཞིས་འཕོ་འགྱུར་ཆེ།

    —— ལྷོ་ཁ་གྲོང་ཁྱེར་གྱི་མཛེས་མཐུན་གྲོང་གསེབ་སྐྲུན་པའི་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-14

    ལྷོ་ཁའི་གྲོང་ཁུལ་ནས་ཡར་ཀླུང་གཙང་པོའི་བྱང་ངོས་སུ་སྐྱོད་སྐབས། ལུང་ཤུར་གུ་དོག་ཏུ་སོང་བ་དང་རི་སྟེང་གི་སྡོང་ཕྲན་ཡང་ཇེ་མང་དུ་སོང་བའི་ཚེ། མིག་མདུན་དུ་ཨར་སྐྲུན་བྱ་ཡུལ་ཞིག་མཐོང་རྒྱུ་ཡོད་པ་སྟེ། སྒྲོམ་གཞི་ཅན་གྱི་ཁང་པ་མང་པོ་སྐྲུན་ཟིན་ཉེར་ཡོད། ཨར་འདམ་ལུགས་རྒྱག་འཕྲུལ་འཁོར་དང་ཨར་འདམ་དཔུང་སྒྲོམ་ཕུམ་འཁོར་ཕན་ཚུན་གཞོགས་འདེགས་བྱས་ནས་མཐའ་མཇུག་གི་ཁང་པ་འགའ་ཞིག་ལ་ལུགས་རྒྱག་བཞིན་པ་འདི་ནི་སྣེ་གདོང་ཆུས་སོ་དྲུག་ཤང་འབྲི་སྒང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གནས་ཡུལ་རྙིང་པའི་གསར་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དངོས་རེད་ལ། ལྷོ་ཁ་གྲོང་ཁྱེར་གྱི་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་གྱི་བསྡུས་རིས་ཤིག་ཀྱང་རེད།

    སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འབྲི་སྒང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་མང་ཚོགས་དུད་ཚང་30ལྷག་ཙམ་ལ་མ་དངུལ་སྒོར་ཁྲི་2400ལྷག་ཙམ་བརྩོན་ལེན་གྱིས་འཆར་གཞི་བསྐྱར་དུ་བཀོད་ནས་ཁང་པ་གསར་པ་སྐྲུན་པ་རེད། གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་རུ་དཔོན་ལི་ཅང་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྣེ་གདོང་ཆུས་ཀྱིས་ད་དུང་སྒོར་ཁྲི་73ལྷག་ཙམ་མཐུན་སྦྱོར་བྱས་ནས་གྲོང་ཚོ་ཨུ་ལྷན་གྱི་ཕྱོགས་བསྡུས་ཐོག་ཁང་གི་རིམ་པ་སྤར་བ་དང་། སྒོར་ཁྲི་240ལྷག་ཙམ་མཐུན་སྦྱོར་བྱས་ནས་ཚོགས་ཆུང་དང་པོར་ཆུ་རགས་བསྐྲུན་ཏེ་ཆར་དུས་སུ་ཆུས་ལོ་ཏོག་བསྣུབས་པའི་གནད་དོན་ཐག་གཅོད་བྱས་པ་དང་མ་ཟད། ད་དུང་ཆུ་ཡུར་ལ་ཐོག་བཀབ་ནས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་བདེ་འཇགས་འགན་ལེན་བྱས་པ་རེད། གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི་13གྲབས་གསོག་བྱས་ཏེ་འབྲོག་རར་སྐྱོད་སའི་སྤྱི་ལེ་40ལྷག་ཙམ་གྱི་ཐོན་སྐྱེད་ལམ་ཉམས་བཟོ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། ལྷོ་ཁ་གྲོང་ཁྱེར་གྱིས་དུད་ཚང་ཁྲི་5ལྷག་ཙམ་གྱི་མི་ཕྱུགས་ལོགས་སུ་དབྱེ་བ་མ་ཟད། “ཏང་འཛུགས་སྐྱོང་དང་གྲངས་འཛིན་ཅན་གྱི་བཅོས་སྐྱོང་”ཟུང་དུ་འབྲེལ་བའི་ལས་སྟེགས་བརྒྱུད། དུས་ཐོག་ཏུ་འཕེལ་རིམ་ལ་ལྟ་སྐུལ་བྱས་ནས་སྲིད་ཇུས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།

    “གསང་སྤྱོད་གསར་བརྗེས”འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་བ།

    གསར་འགོད་པས་འབྲི་སྒང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གནས་ཡུལ་རྙིང་པར་གསར་དུ་བསྐྲུན་པའི་ཁང་པར་མི་ཕྱུགས་ལོགས་སུ་དབྱེ་བ་དང་དུས་མཚུངས། དུད་ཚང་ཚང་མར་ཆུ་བཤལ་གཏོང་རྒྱུ་ཡོད་པའི་གསང་སྤྱོད་ཇུས་འགོད་བྱས་ཡོད་པ་མཐོང་བྱུང་། མ་འོངས་པར་གྲོང་མི་ཚོ་ཕྱིར་གཟུགས་པོ་འཁྲུ་བར་འགྲོ་མི་དགོས་ལ་གསང་སྤྱོད་སྤྱོད་པའི་སྐབས་སུའང་གཙང་སྦྲ་དང་སྟབས་བདེ་ཡོད་པ་རེད།

    གསང་སྤྱོད་ཆུང་ཆུང་གིས་འཚོ་བ་སྐྱེལ་སྟངས་བསྒྱུར་བར་སྐུལ་འདེད་བཏང་ཞིང་། སྲོལ་རྒྱུན་གྱི་གསང་སྤྱོད་རྙིང་པ་ད་ཆ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་རིམ་གྱིས་མཐོང་རྒྱུ་མེད། འབྲི་སྒང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གསར་དུ་བསྐྲུན་པའི་གསང་སྤྱོད་དེ་དག་ནི་ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཁུལ་གྱི“གསང་སྤྱོད་གསར་བརྗེའི”ཆ་ཤས་ཤིག་རེད།

    འཕྱོངས་རྒྱས་རྫོང་ཁྲང་དཀར་གྲོང་ཚོར་གྲོང་མི་ཚེ་རིང་སྒྲོལ་མས་གསར་དུ་སྒྲིག་སྦྱོར་བྱས་པའི་ཆུ་དྲོད་གཏོང་ཆས་ལ་ཕྱི་བདར་གཏོང་བཞིན་ཡོད། ལོ་ཤས་གོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་1240བཏང་ནས་གྲོང་ཚོ་ཡོངས་སུ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་རྣམ་གྲངས་ལག་བསྟར་བྱས་ཏེ། དུད་ཚང་59ཡི་སྒོ་ར་མཁྲེགས་འགྱུར་དང་། གསང་སྤྱོད་སྒྱུར་བཀོད། ཐབ་ཚང་ནང་ཆུ་འཁྲིད་པ་བཅས་ཀྱི་ལས་གྲྭ་ལེགས་སྒྲུབ་བྱས་པ་རེད།

    འགྱུར་ལྡོག་དེ་རིགས་ནི་ལྷོ་ཁ་གྲོང་ཁྱེར་གྱིས“གསང་སྤྱོད་གསར་བརྗེར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས་འདི་ལོའི་ལོ་འགོ་བར་རིམ་རྩིས་བརྒྱབ་ན་འཕྲོད་བསྟེན་གསང་སྤྱོད་ཁྲི་6.27བསྐྲུན་ནས་ཁྱབ་གདལ་གཏོང་ཚད་89%ཟིན་པ་དང་། གད་སྙིགས་གནོད་མེད་ཐག་གཅོད་སྒྲིག་ཆས་སྲིད་འཛིན་གྲོང་ཚོ་97%ལ་ཁྱབ་ཡོད་པ་རེད།

    དམངས་ཕྱུག་ཐོན་ལས་ཀྱིས་དར་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

    “ང་ཚོའི་ཚོགས་ཆུང་ལ་འབྲི་གཡག་མགོ་གྲངས་1400ལྷག་ཙམ་དང་བ་གླང་བཅུ་ཕྲག་ཁ་ཤས་ཡོད། ང་ཚོའི་ཡོང་སྒོ་གཙོ་བོ་ཕྱུགས་རིགས་དེ་དག་ལ་བརྟེན་གྱི་ཡོད། དེ་མིན་ལོ་ལྟར་དུད་ཚང་རེར་སྒོར་ཁྲི་3ནས་ཁྲི་5བར་བགོ་རྒྱུ་ཡོད། ཚོགས་ཆུང་གཉིས་པར་ཆ་བཞག་ན། ཚོགས་ཆུང་ཡོངས་ལ་དུད་ཚང་43གི་མི་165ཡོད། སྔོན་ཆད་སློབ་ཆེན་སློབ་མ་དང་ཕྱི་རོལ་དུ་སློབ་གྲྭར་ཕྱིན་པའི་ཕྲུ་གུ་ཕུད། ཕྱིར་འགྲོ་མཁན་ཧ་ཅང་ཉུང་བས། ངལ་ནུས་འབོར་ཆེན་ལྷག་ཡོད། གྲོང་སྡོད་ལས་དོན་རུ་ཁག་དང་བཟོ་སྐྲུན་རུ་ཁག་སླེབས་རྗེས་སྣེ་གདོང་ཆུས་ཀྱི་ཆེས་ཐག་རིང་བའི་འབྲི་སྒང་གྲོང་ཚོར་གསོན་ཤུགས་གསར་པ་སྦྱིན་ཡོད”ཅེས་འབྲི་སྒང་གྲོང་ཚོའི་ཕྱུགས་རིགས་སྨན་པ་པ་སངས་ཚེ་རིང་གིས་གསར་འགོད་པར་བཤད།

    ན་ནིང་འབྲི་སྒང་གྲོང་ཚོའི་ཚོགས་ཆུང་གཉིས་པས་མཉམ་སྡེབ་ཀྱི་དངུལ་སྤྱད་དེ་བརྐོ་འདྲུའི་འཕྲུལ་འཁོར་ཞིག་ཉོས་ནས་ཤང་གི་ལས་གྲྭའི་རླངས་འཁོར་རུ་ཁག་ནང་ཞུགས་པ་རེད།

    འདི་ལོ་ཤང་དང་གྲོང་སྡོད་ལས་དོན་རུ་ཁག་གིས་མཐུན་སྦྱོར་དང་འབྲེལ་གཏུག་བྱས་པ་བརྒྱུད། གྲོང་ཚོའི་ངལ་རྩོལ་ནུས་ཤུགས་60སྒྲིག་འཛུགས་བྱས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞུགས་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་93.49ལ་བརྟེན་ནས་ཐོན་ལས་རྣམ་གྲངས་810ལག་བསྟར་བྱས་ཤིང་། བོད་བྱ་གསོ་སྤེལ་དང་བཟའ་བྱའི་ཤ་མོ་འདེབས་འཛུགས་བྱེད་པ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། རྫོང་དང་ཆུས་གསུམ་གྱི་གྲོང་ཚོ་20ཡི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་20ཡན་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

    སྐྱེ་ཁམས་བཅོས་སྐྱོང་བྱས་ནས་གྲོང་གསེབ་ཀྱི་རྣམ་པ་མཛེས་སུ་བཏང་བ།

    མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྔོན་ལ་རྒྱ་ཆེའི་ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཚམ་ཡོང་བར་བྱེད་དགོས་ལ། ཞིང་འབྲོག་གི་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ཀྱི་རྩ་བར་ཡང་སྲུང་སྐྱོང་ཡག་པོ་བྱེད་དགོས། འདུ་ཤེས་འདི་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་འཛུགས་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད།

    མུན་པ་རིམ་བཞིན་རུབ་པ་དང་བསྟུན་ནས་འཕྱོངས་རྒྱས་རྫོང་གི་འཕྱིང་བ་སྟག་རྩེ་ཐང་ཆེན་དུ《འཇུ་བྲོ》ཡི་རྔ་སྒྲ་ལྷང་ལྷང་དུ་གྲགས། 《ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག》གི་དྲིལ་བསྒྲགས་བྱེད་སྒོར་ཞུགས་མ་ཐག་སྐལ་བཟང་རྡོ་རྗེར“ཕ་ཡུལ་ལ་ཤ་ཞེན་བྱེད་པ་ནི་རྙིང་ཞེན་གྱི་བསམ་བློ་ཞིག་མ་ཡིན་པར། སྲོལ་རྒྱུན་དང་དེང་རབས་མཉམ་གནས་བྱེད་དུ་འཇུག་རྒྱུ་དེ་ཡིན་པའི”བསམ་བློ་འཁོར།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།