ཁྲུང་ཆིང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ།
2024ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས“ཁྲུང་ཆིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཅུང་ཡག་པོ་འདུག་ལ། ཚན་སློབ་ཤེས་ལྡན་པའི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་འདུག སྔོན་ཐོན་བཟོ་སྐྲུན་ལས་རིགས་གཙོ་རྐང་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་སྐྲུན་དགོས”ཞེས་གསུངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག“ཚན་རྩལ་གསར་གཏོད་ལ་དམ་འཛིན་བྱེད་པར་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་རྒྱུར་དམིགས་དགོས”ཞེས་ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཁྲུང་ཆིང་གིས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ལྟེ་གནས་གལ་ཆེན་སྐྲུན་པའི་དམིགས་ཚད་ལ་གཞིགས་ནས། དེང་རབས་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་མ་ལག་ཧུར་ཐག་བསྐྲུན་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་ཕྱོགས་སྒྱུར་མགྱོགས་པོ་ཡོང་བར་སྐུལ་འདེད་བཏང་ཡོད། 2024ལོར། ཁྲུང་ཆིང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་7.3%འཕར་བ་དང་། དེའི་ནང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འཕར་ཐང་12.3%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་བསྡུར་ཚད་བཟུང་ཚད་34.6%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.4མཐོ་རུ་ཕྱིན་ཡོད།
—— ཚན་རྩལ་གསར་གཏོད་བྱེད་ནུས“རྩེར་སོན”ཕྱོགས་སུ་བསྒྱུར་ནས་རྩེར་སོན་བཟོ་སྐྲུན་གྱི་སྒུལ་ཤུགས་འཕེལ་བར་བྱས་པ།
མཐུག་ཚད་ཧའོ་སྨི་0.55ལས་མེད་པ་དང་ཧ་ཅང་སྲབ་པའི་དྭངས་གསལ་ཤེལ་སྒོ་རྒྱ་ཁྱོན་ཧའོ་སྨི་གྲུ་བཞི་མ་རེས་ལྗིད་ཚད་སྤྱི་རྒྱ་743ཐེག་ཐུབ་ཀྱི་ཡོད། དེ་ནི་ཁྲུང་ཆིང་ཤིན་ཅིང་ཆེད་བཟོས་ཤེལ་སྒོ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་སྲ་ཞིང་རྡབ་བཟོད་ཐུབ་པའི་ཐོན་རྫས་ཤིག་རེད།
“རང་རྟེན་འགག་སྒྲོལ་བྱས་པ་བརྒྱུད་ང་ཚོས་རྩེར་སོན་ཆེད་བཟོས་ཤེལ་སྒོ་མང་པོ་ཐོན་སྐྱེད་ཐུབ་ནས་ནུས་པ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད”ཅེས་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་དང་ཁེ་ལས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་ཅང་ཧུང་གིས་བརྗོད་པ་དང་། ཁོང་གིས“ཀུང་སིས་ཁེ་བེད་བདག་ཐོབ་400ལྷག་ཙམ་རེ་ཞུ་བྱས་ཡོད། ཐོན་རྫས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་དང་མཁའ་འགྲུལ་རླུང་འགོག་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་སྤྱད་ཡོད”ཅེས་བརྗོད།
གྲངས་གཞི་ལས་མངོན་པར། ཁྲུང་ཆིང་གིས་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས“སྟོབས་ཆེན་ཆུང་གྲས”310དང་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པ་ཨང་དང་པོའི་ཁེ་ལས་41སྐྱེད་སྲིང་བྱས་ཡོད།
—— ཐོན་ལས་མ་ལག“རིག་ནུས་ཅན”ཕྱོགས་སུ་བསྒྱུར་ནས་གྲངས་འཛིན་ཐོན་སྐྱེད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ།
ཁྲུང་ཆིང་ཙུང་ཧྲེན་སྒུལ་ཤུགས་འཕྲུལ་ཆས་མ་རྐང་ཚད་ཡོད་ཀུང་སིའི་སྒུལ་བྱེད་འཕྲུལ་འཁོར་ཐོན་སྐྱེད་འཁོར་ཁང་དུ་བཀོལ་སྤྱོད་ལས་བཟོས་ལས་སྟེགས་ཀྱི་མཚོན་རྟགས་བཤེར་ཚེ་མ་ལག་གིས་རྙོག་འཛིང་ཆེ་བའི་ལས་སྣོན་དཔྱད་གྲངས་དག་སྒྲིག་ཆས་སུ་རང་འགུལ་ངང་སྙོམ་སྒྲིག་བྱེད་ཐུབ།
“ཧུའུ་སྨི་དྲ་ཚུགས་དང་ཙུང་ཧྲེན་ཀུང་སིས་མཉམ་ལས་བྱས་ནས་བསྐྲུན་པའི་སྒུལ་ཤུགས་མ་ལག་མཉམ་སྒྲུབ་མཉམ་གནས་འབྱུང་འགྱུར་བཟོ་གྲྭས་གོང་འོག་འབྲེལ་བ་ཡོད་པའི་ཁེ་ལས་300ལྷག་ཙམ་སྦྲེལ་མཐུད་བྱས་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལས་ཕྱོད་20%ཙམ་མཐོ་རུ་བཏང་བ་དང་། མཁོ་སྤྲོད་འཁོར་འབྲེལ་གྱི་ནུས་པའི་ཟད་གྲོན་14%དམའ་རུ་བཏང་ཡོད”ཅེས་ཙུང་ཧྲེན་སྒུལ་ཤུགས་འཕྲུལ་ཆས་མ་རྐང་ཚད་ཡོད་ཀུང་སིའི་དབུ་བཞུགས་ཆ་འཕྲིན་དཔོན་ཅང་ཝུན་གྱིས་བརྗོད།
“རིག་ནུས་རྐྱང་ཚན”སྒྱུར་བཀོད་བྱེད་དགོས་པ་མ་ཟད། ད་དུང“སྐྱེ་ཁམས་མ་ལག”བསྐྲུན་ནས་འཁོར་འབྲེལ་གཙོ་བོའི་ཁེ་ལས་ཀྱིས་ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་འབྲིང་ཆུང་མཉམ་དུ་ཕྱོགས་སྒྱུར་ཡོང་བར་སྣེ་ཁྲིད་བྱེད་དགོས་ཤིང་། ཁྲུང་ཆིང་གིས་2027ལོར་སླེབས་སྐབས“འབྱུང་འགྱུར་བཟོ་གྲྭ”འདི་འདྲ་40ལྷག་ཙམ་སྐྲུན་རྩིས་ཡོད།
—— གདེང་འཇོག་ལམ་སྲོལ“སྤུས་ཚད”ཕྱོགས་སུ་བསྒྱུར་ནས་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཁྲུང་ཆིང་ཅིང་ཏུང་ཧྥང་འོད་གློག་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོག་ཁའི་སྟེང་དུ་འོད་ཤུགས་ཤེལ་ལེབ་སྟར་པ་མང་པོ“མཚོ་སྔོན་པོ”ལྟར་བསྒྲིགས་ཡོད་པ་དེ་དག་གིས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་3000ཟིན་གྱི་ཡོད་ཅིང་། ཅིང་ཏུང་ཧྥང་འོད་གློག་ཚན་རྩལ་ཚད་ཡོད་ཀུང་སིའི་ཁྲུང་ཆིང་ས་ཁོངས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲོའུ་མིན་གོ་ཡིས“ང་ཚོས་མ་དངུལ་སྒོར་དུང་ཕྱུར་10ལྷག་ཙམ་བཏང་ནས་བཙོག་ཆུ་དང་རླངས་རོ་བཅོས་སྒྲིག་མ་ལག་སོགས་བསྐྲུན་པས་ལོ་ལྟར་ཆུ་ཏུན་ཁྲི་ཆིག་སྟོང་ལྷག་ཙམ་གྲོན་ཆུང་ཐུབ་པ་དང་དྲོད་ཁང་རླངས་གཟུགས་འབུད་ཚད་ཏུན་ཁྲི་6ལྷག་ཙམ་ཉུང་དུ་ཕྱིན་ཡོད”ཅེས་བརྗོད།
ཁྲུང་ཆིང་རིམ་ཁག་སྲིད་གཞུང་གི་ཞབས་འདེགས་ཞུ་ནུས་ཀྱང་ཆེ་རུ་འགྲོ་བ་དང་རིམ་སྤོར་བྱུང་བཞིན་ཡོད། གྲོང་ཁྱེར་དང་། ཆུས་དང་རྫོང་། གྲོང་རྡལ་དང་ཁྲོམ་གཞུང་གླིང་ཁུལ་བཅས་རིམ་གསུམ་ཚན་པ་1119བསྡུ་སྒྲིལ་བྱེད་པ་དང་། ཁྲུང་ཆིང་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་གྱིས“ཁེ་ལས་ཀྱིས་བརྡ་གཏོང་བ་དང་། སྡེ་ཚན་གྱིས་འབྱོར་ཐོ་འགོད་པའི”ལས་སྟེགས་བཏོད་དེ“གནས་གཏད་གནས”ཀྱི་ཐོག་ནས་ཁེ་ལས་ལ་ཞབས་འདེགས་ཐེངས་ཁྲི་6ཙམ་ཞུས་ཤིང་། བྱེ་བྲག་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པ་ནས་ཡོངས་ཁྱབ་རང་བཞིན་གྱི་དོན་དག་སྒྲུབ་ལེགས་སུ་གཏོང་བའི་བར། ཁེ་ལས་ཁུར་པོ་ཡང་པོའི་ངང་འཕེལ་རྒྱས་མྱུར་པོ་འགྲོ་བར་བྱས་ཡོད།
རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ལྟེ་གནས་གལ་ཆེན་མགྱོགས་མྱུར་བསྐྲུན་ཞིང་། ཁྲུང་ཆིང་གིས་དམིགས་ཚད་གསར་པ་ཁ་གསལ་བཟོས་པ་སྟེ། 2027ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་4ཡི་སྐས་རིམ་དུ་སླེབས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་28%ཟིན་རྒྱུ་རེད།