སྡེ་ཚན་བཞིས་འབྲུབ་དུས་ཀྱི་ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་སྔོན་ཇུས་མཉམ་དུ་བཀྲམ་པ།
ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཆུ་བེད་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ། ཀྲུང་གོ་གནམ་གཤིས་ཅུས་བཅས་དང་མཉམ་དུ་2025ལོའི་འབྲུབ་དུས་ཀྱི་ཚན་རིག་དང་མཐུན་པའི་ངང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གིས་འབྲུ་རིགས་དང་ཞིང་ལས་ལ་ལོ་ལེགས་ཧུར་ཐག་ཡོང་བར་བྱེད་པའི་སྔོན་ཇུས་བཟོས་ནས་བཀྲམ་སྟེ། ས་གནས་ཁག་གིས་འགག་རྩའི་སོ་ནམ་དུས་ཚོད་དམ་འཛིན་ནན་པོ་བྱེད་པ་དང་། འགག་རྩའི་ལག་རྩལ་དོན་འཁྱོལ་བྱེད་པ། གནོད་འཚེའི་གྱོང་གུན་ཆུང་དུ་ཏན་ཏིག་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་གནོད་འགོག་བྱས་ཏེ་ལོ་ལེགས་ཡོང་བར་མཛུབ་ཁྲིད་བྱས་ཡོད།
སྔོན་ཇུས་ནང་གནོད་འཚེའི་རིགས་ཁ་གསལ་གྱིས་འབྲུབ་དུས་ཀྱི་ཞིང་ལས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གཙོ་གནད་ལས་འགན་ཁག་ལྔ་ལ་ཕྱེ་ཞིང་། གཅིག་ནི་ཆུ་ལོག་སྔོན་འགོག་དང་བརླན་སྐྱོན་ཆུང་དུ་གཏོང་དགོས། ཞིང་ནང་ཆུ་ཡུར་གྱི་ཉམས་གསོ་བཅོས་སྒྲིག་དང་ཀླུང་ཐང་ཆུ་ལོག་ཁུལ་གྱི་བཅོས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དངོས་ཟོག་སྒྲིག་ཆས་གསོག་འཇོག་དང་ཛ་དྲག་བཀོད་གཏོང་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ནང་གི་ཆུ་གསོག་མྱུར་བཤངས་དང་གནོད་འཚེའི་རྗེས་ཀྱི་ཞིང་ནང་གཡོག་བྱེད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་དགོས། གཉིས་ནི་ཐན་འགོག་བྱས་ནས་སྐྱེ་འཚར་ལ་སྐུལ་འདེད་གཏོང་དགོས། ཆུ་རྩ་བཀོད་གཏོང་ཡག་པོ་བྱས་ཏེ་ཞིང་ལས་ཆུ་འདྲེན་གྱི་ཡུར་བུ་ཉམས་གསོ་འདམ་བཤངས་ཀྱི་ལས་དོན་སྔ་ཙམ་ཡག་པོ་སྒྲུབ་པ་དང་གལ་སྲིད་ཐན་པའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་ཆུ་གཏོང་དགོས། ནུས་ཆེ་ཆུ་གྲོན་གྱི་ཆུ་འདྲེན་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་ལས་ལག་རྩལ་གྱི་བརླན་སྲུང་གི་བྱེད་ཐབས་དོན་འཁྱོལ་བྱེད་དགོས། གསུམ་ནི་དྲོད་ཚད་མཐོ་པོ་འགོག་པ་དང་ཚ་གནོད་འགོག་དགོས། “ཆུ་ལ་བརྟེནནས་+དྲོད་ཚད་སྙོམས་པ་དང་ལོ་མའི་སྟེང་ལ་ལུད་གཏོར་བ”བཅས་མཐའ་འཁྱོངས་བྱས་ཏེ་བརླན་གཤེར་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ནང་གི་ཁྱབ་རྒྱ་ཆུང་བའི་གནམ་གཤིས་སྙོམ་སྒྲིག་བྱས་ཏེ་དྲོད་ཚད་མཐོ་བའི་ཤུགས་རྐྱེན་ཆུང་དུ་བཏང་ནས། དུས་ཐོག་ཏུ་ལོ་མའི་ངོས་ལ་ལུད་གཏོར་ཏེ་སྡོང་རྐང་གི་ཐན་འགོག་ནུས་པ་ཆེ་རུ་གཏོང་དགོས། བཞི་ནི་རྒྱ་མཚོའི་རླུང་འཚུབ་འགོག་པ་དང་བདེ་འཇགས་འགན་ལེན་བྱེད་དགོས། འབྲས་བུ་ཤིང་དང་། དྲོད་ཁང་ཆེན་པོ། ལྷས་ར། ཆུ་ཐོན་ཐོན་རྫས་གསོ་སྤེལ་སྒྲིག་བཀོད་སོགས་དུས་ཐོག་ཏུ་ཉམས་བཟོ་དང་བརྟན་དུ་གཏོང་བ་དང་། སྨིན་ཟིན་པའི་ལོ་ཏོག་དུས་ཐོག་ཏུ་བསྡུ་བ་དང་ཉ་གྲུ་གྲུ་ཁར་ལོག་ནས་རླུང་འཚུབ་ལ་གཡོལ་བ་དང་ཉ་པ་དང་གསོ་སྤེལ་མི་སྣ་སྐམ་སར་ལོག་རྒྱུ་སྒྲིག་འཛུགས་བྱེད་དགོས། ལྔ་ནི་ནད་འབུ་སྔོན་འགོག་དང་གྱོང་གུན་ཉུང་དུ་གཏོང་དགོས། སྔོན་ཚུད་ཉེན་བརྡར་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ཏེ་ནད་དང་གནོད་འབུའི་གནོད་འཚེ་ཚབས་ཆེན་ལ་དུས་ཐོག་ཏུ་གཅིག་གྱུར་སྔོན་འགོག་བཅོས་སྒྲིག་དང་འཕྲལ་སྡོམ་འགོག་བཅོས་བྱས་ནས་གཞི་ཁྱོན་ཆེ་བའི་གནོད་འཚེ་ཁྱབ་རྒྱུར་ཚོད་འཛིན་ནན་པོ་བྱེད་དགོས་པ་བཅས་སོ།
སྔོན་ཇུས་ནང་བླང་བྱ་བཏོན་དོན། སྡེ་ཚན་དབར་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་སྡེ་ཚན་དབར་གྱི་རྒྱུན་རྣམ་ཅན་གྱི་མཉམ་ལས་མཉམ་འགུལ་ལམ་སྲོལ་ཟབ་ཏུ་གཏོང་དགོས་པ་དང་། གནོད་འཚེ་སྔོན་འགོག་དང་འཕྲལ་སྡོམ་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གེགས་སེལ་དངོས་ཟོག་གསོག་ཉར་དང་སྙོམས་སྒྲིག་གཏོང་འདྲེན་གྱི་ལས་དོན་ཡག་པོ་སྒྲུབ་པ། འཕྲལ་སྡོམ་གེགས་སེལ་འཕྲུལ་ཆས་གྲ་སྒྲིག་ཡག་པོ་བཅས་བྱས་ནས། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་རྒྱག་པ། གནོད་འཚེའི་གནས་ཚུལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཕྲལ་སྡོམ་དང་ལེན་དུས་ཐོག་ཏུ་བྱེད་འགོ་འཛུགས་དགོས། གནོད་འཚེ་ཉུང་གཏོང་གི་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་ཞིང་ནང་དང་མུ་ཁར་ཟབ་སྐྱོད་ཀྱིས་གནོད་འཚེའི་ཤུགས་རྐྱེན་ཚོད་སྐོར་བྱས་ནས་དྲ་ཐོག་དང་དྲ་ཕྱིའི་གསོ་སྦྱོང་མཛུབ་ཁྲིད་ལས་དོན་སྤེལ་དགོས།