ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་མཐུད་ཐུབ་པ།
ཉེ་ཆར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་14.14ཟིན་པ་དེ་དུས་མཚུངས་ལས་2.4%འཕར་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་8.39དང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་5.75ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4པར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.84ཟིན་ནས་5.6%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་2.27བྱས་ནས་9.3%འཕར་བ་དང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་1.57བྱས་ཡོད།
ཚོང་དོན་བྱེད་སྟངས་ཐད་ནས་བལྟས་ན། སྤྱིར་བཏང་གི་ཚོང་དོན་དང་ལས་སྣོན་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་འཕར་ཞིང་། ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་9.05ཟིན་པ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་64%བཟུང་ཡོད། དུས་མཚུངས་ལས་སྣོན་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་2.54ཟིན་ནས་6.6%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་18%བཟུང་ཡོད། ཚོང་དོན་རོགས་ཟླ་ནས་བལྟས་ན། ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་བསྡོམས་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་7.25བྱས་ནས་3.9%འཕར་ཡོད། གཉེར་སྐྱོང་བྱེད་པོ་ནས་བལྟས་ན། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་ཇེ་མཐོར་སོང་ཡོད། ཟླ་དང་པོ་ནས་བཞི་པའི་བར། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་8.05ཟིན་ནས་6.8%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་56.9%བཟུང་བས། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.3འཕར་ཡོད།