འཛམ་གླིང་གི་དཔལ་འབྱོར་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་རྒྱུ་ཡིན་པ།
གོ་ལ་ཧྲིལ་པོའི་ཚོང་དོན་སྒྲིག་ལམ་ལ་རྡབ་རྡེག་ཚབས་ཆེན་ཕོག་པ་དང་ཁྲོམ་རའི་སྔོན་དཔག་ཡོངས་ཁྱབ་ཏུ་ཉམས་རྒུད་སོང་ནའང་ཀྲུང་གོའི་དཔལ་འབྱོར་གྱི་འགོ་ཡག་པོ་བཙུགས་ནས་བརྟན་ཁྲོད་ལེགས་འཕེལ་དང་བརྟན་ཁྲོད་བསྐྱར་འཕར་གྱི་རྣམ་པ་རྒྱུན་མཐུད་ཐུབ་པ་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསར་ཕྱོགས་དང་ལེགས་ཕྱོགས་ཀྱི་དགེ་མཚན་ལྡན་པའི་རྟགས་མཚན་མངོན་ནས་ཡོ་ལང་ཁྲོད་ཀྱི་འཛམ་གླིང་དཔལ་འབྱོར་ལ་ཡིད་ཆེས་རྩ་ཆེན་བསྣན་ཡོད།
ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་མདུན་དུ་ཀྲུང་གོའི་དཔལ་འབྱོར་གྱིས་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱས་པར་བརྟེན་མུ་མཐུད་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཉེ་ཆར་2025ལོའི་དུས་ཚིགས་དང་པོའི་རྒྱལ་དམངས་དཔལ་འབྱོར་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། ཞིབ་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། དུས་ཚིགས་དང་པོར་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་318758ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་རྩིས་ན་དུས་མཚུངས་ལས་5.4%འཕར་བ་དང་ལོ་གོང་མའི་དུས་ཚིགས་བཞི་པ་ལས་1.2%འཕར་ནས་ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་སྒུལ་ཤུགས་ཆེན་པོ་མངོན་ཡོད། འཕར་ཚད་5.4%ནི་ན་ནིང་ལོ་ཧྲིལ་པོའི་5%ལས་མཐོ་བ་དང་ན་ནིང་དུས་ཚིགས་དང་པོའི་5.3%ལས་ཀྱང་མཐོ་བ་ཡོད་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་ཡོད།
སྣ་མང་ཅན་གྱི་ཁྲོམ་ར་ཧུར་ཐག་བཏོད་དེ་ཕྱོགས་ཁག་གི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་ཟབ་ཏུ་བཏང་བ་དེས་རང་ངོས་ཀྱི་མཉེན་ཆ་ཆེ་རུ་ཕྱིན་པ་མ་ཟད། ཚོང་དོན་རོགས་ཟླའི་ཐུན་མོང་འཕེལ་རྒྱས་ལ་མཐུན་རྐྱེན་ཡང་སྦྱར་ཡོད། ཀྲུང་གོས་དུས་ཚིགས་དང་པོར་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་10.3ཟིན་པ་དེ་དུས་མཚུངས་ལས་1.3%འཕར་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེའི་ནང་ཀྲུང་གོས་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་ལ་ཕྱིར་གཏོང་བྱེད་ཚད་འཕར་བ་དང་ཨེ་ཤེ་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁར་ཕྱིར་གཏོང་འཕར་ཚད་ཚང་མ་ཁྱོན་ཡོངས་ལས་མཐོ་བ་ཡོད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་2.2%འཕར་ནས་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་51.1%ཟིན་པ། ཡོ་རོབ་མནའ་འབྲེལ་ལ་ལུས་རྩལ་མཁོ་ཆས་ཕྱིར་གཏོང་བྱས་པ་དང་ཨེ་ཤེ་ཡ་ཤར་ལྷོར་མཛེས་རྫས་ཕྱིར་གཏོང་བྱས་པ་ཚང་མ་གྲངས་གནས་གཉིས་འཕར་བྱུང་བ་སོགས་རེད། རྒྱ་ཆེའི་ཕྱི་ཕྱོགས་ཚོང་གཉེར་བྱེད་པོས་གོ་ལ་ཧྲིལ་པོའི་ཁྲོམ་རའི་སྣ་མང་ཅན་གྱི་དགོས་མཁོ་མགྱོགས་མྱུར་དང་ལེན་གྱིས“སྤུས་ལེགས་ཐོན་རྫས”དང“ཐོན་རྫས་གསར་པ”“དར་སྲོལ་ཐོན་རྫས”བཅས་རྒྱུན་ཆད་མེད་པར་བཏོན་ཏེ། དེ་བས་སྣ་མང་ཅན་དང་དོ་སྙོམས་ཀྱི་ཉོ་ཚོང་རྣམ་པ་འཛུགས་པར་སྐུལ་འདེད་བཏང་བས་རྡབ་རྡེག་འགོག་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
ཀྲུང་གོའི་དཔལ་འབྱོར་ལྗང་མདོག་དང་། གསར་པ། རིག་ལྡན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་བཏང་སྟེ། སྒུལ་ཤུགས་གསར་པ་གང་མགྱོགས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཡོད། “ཀོང་ཀྲོའུ་ཚོང་འདུས་སྐབས་137པ་ནི་པེ་ཅིང་དང་འཛམ་གླིང་གི་ས་ཁུལ་གཞན་དག་དབར་གྱི་ཉོ་ཚོང་འབྲེལ་བའི་རླུང་ཕྱོགས་སྟོན་རྟགས་ཤིག་རེད”ཧྥ་རན་སིའི《འཛམ་གླིང་ཚགས་པར》དྲ་ཚིགས་སུ་གནས་ཚུལ་སྤེལ་བར་གཞིགས་ན། གོ་ལ་ཧྲིལ་པོའི་ས་གནས་ཁག་གི་ཉོ་མཁན་མང་པོས་ཀྲུང་གོ་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད་པས“འཛམ་གླིང་གི་བཟོ་གྲྭ”ཞེས་པའི་ཤོད་ཚུལ་དེ་རིགས་མངོན་གསལ་དོད་དུ་སོང་ཡོད། ཆུང་བ་ཀོག་ཧྥེ་བཟོ་ཆས་དང་གད་ཆས་དང་། ཆེ་བ་གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་བར་ཀྲུང་གོའི་བཟོ་སྐྲུན་ལ་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སྒྱུར་གྱི་སྒུལ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། པར་ཙིར་གྱི་སྨྱན་སྦྱོར་གྱིས། ཚོང་དོན་གྱི་དུས་བབ་ཛ་དྲག་མདུན་དུ་ཀྲུང་གོས་སྔར་བཞིན་གོ་ལ་ཧྲིལ་པོའི་ཚོང་དོན་བརྟན་ལྷིང་གི་ནུས་པ་འདོན་བཞིན་ཡོད་ཅེས་གདེང་འཇོག་བྱེད་ཀྱི་ཡོད།
གཞི་ཆེའི་སྲིད་ཇུས་ཁག་གི་ཕན་འབྲས་རྒྱུན་མཐུད་ངང་མངོན་གསལ་དོད་དུ་ཕྱིན་པ་དང་ཆབས་ཅིག གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ནང་མཁོ་དང་གསར་གཏོད་སྐུལ་འདེད་ལ་བརྟེན་ནས་དཔལ་འབྱོར་འཕར་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་བཞིན་ཡོད། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་བརྟན་པོ་འདོན་པ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་འཛམ་གླིང་དབར་མཉམ་འགུལ་བཟང་པོ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།
ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་ལ་ལེགས་ཆ་མང་བ་དང་། མཉེན་ཆ་ཆེ་ལ་མི་མངོན་པའི་སྟོབས་ཤུགས་ཆེ་བས་ཡུན་རིང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་ཕྱིན་མེད། སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ཏེ། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ན། འཛམ་གླིང་དཔལ་འབྱོར་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ཐུབ་རྒྱུ་རེད།