ཀྲུང་གོས་ཕྱི་རིམ་བར་སྣང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དར་སྤེལ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་5ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་རིམ་བར་སྣང་ཞི་བདེའི་བེད་སྤྱོད་ཨུ་ལྷན་བཅའ་ཁྲིམས་ཚོགས་ཆུང་ཨུ་ལྷན་གྱི་ཚོགས་འདུ་སྐབས་རེ་བཞི་པ་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་ཝི་ཨེན་ནའི་དོན་གཅོད་ཁྲུའུ་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ལི་སུང་ཚོགས་འདུར་ཞུགས་ཏེ་གཏམ་བཤད་བྱས་ནས་ཕྱི་རིམ་བར་སྣང་ཁྱབ་ཁོངས་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་བཞེད་དོན་རྒྱས་བཤད་བྱས་པ་རེད།
ལི་སུང་གིས། འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཕྱི་རིམ་བར་སྣང་གི་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་ཕྱི་རིམ་བར་སྣང་གི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཕྱི་རིམ་བར་སྣང་གི་རྒྱལ་སྤྱིའི་ཆིངས་ཡིག་ནང་གཏན་འབེབས་བྱས་པའི་འོས་འགན་ཀུན་སློང་བཟང་པོས་ལག་བསྟར་བྱེད་པ་དང་ཕྱི་རིམ་བར་སྣང་གི་ཁྲིམས་སྐྱོང་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱི་རིམ་བར་སྣང་གི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འཇིག་རྟེན་འཕུར་སྐྱོད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད། ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་རིམ་བར་སྣང་སིས་མཉམ་ལས་བྱས་ནས་བདམས་པའི་ཚོད་ལྟའི་རྣམ་གྲངས་ཁག་དང་པོ་དེ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བསྟུད་མར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་ཕྱི་རིམ་བར་སྣང་ཞི་བདེའི་བེད་སྤྱོད་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་མུ་མཐུད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ནས་ཕྱི་རིམ་བར་སྣང་འཚོལ་ཞིབ་གྲུབ་འབྲས་ལས་མིའི་རིགས་ཡོངས་དང་། ལྷག་པར་དུ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་འདོད་ཡོད་ཅེས་བརྗོད།