དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་འཆར་ཉེའི་མཚམས་སུ་བཅར་འདྲི་བྱས་པ།

    ཚེ་སྲོག་གོང་དུ་བཀུར་མཁན་གོས་དཀར་ལྷ་རྗེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-13

    འདི་ནི་བསོད་ནམས་གཡུ་སྒྲོན(གཡོན)གྱིས་ལས་རོགས་དང་ཚན་ཞིབ་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།

    ཟླ་5ཚེས་12ཉིན་ནི་རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་ཐེངས་114པ་ཡིན་ཞིང་། གསར་འགོད་པ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་དང་། བུ་བཙའ་ཁང་། མྱུར་སྐྱོབ་ཁང་། བསིང་བཅོས་ཁང་བཅས་སུ་བསྐྱོད་ནས་སྨན་གཡོག་གསུམ་གྱི་བྲེལ་འཚུབ་ཆེ་བའི་ཉིན་གཅིག་གི་ལས་ཀ་ཟིན་ཐོར་བཀོད་པ་ཡིན། སྨན་གཡོག་བསོད་ནམས་གཡུ་སྒྲོན་གྱིས་ཆུ་ཚོད་24ཡི་རིང་ཁ་པར་བསྒུགས་ནས་སྡོད་པ་དང་། ཀྲའོ་ལི་ཡིས་རྒྱ་བོད་སྐད་གཉིས་ཀྱི་ལག་དེབ་ལྟ་བཞིན་པ། ཀྲང་ཏ་ཧུང་གིས་ལག་ཆའི་སྒམ་གཙང་མ་ཕྱིས་པ་བཅས་ལས། ས་མཐོའི་གོས་དཀར་ལྷ་རྗེ་ཚོས་ལས་གནས་བརྟན་སྲུང་གིས་ལེགས་སྐྱེས་འབུལ་བཞིན་ཡོད་པ་མཚོན།

    གཤགས་བཅོས་ཁང་གི་དོ་དམ་པ།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཤགས་བཅོས་ཁང་གི་ཚོགས་ཁང་གི་ཁ་པར་དྲིལ་བརྡ་གྲགས་པས་བཅར་འདྲི་བྱེད་མཚམས་ཆད། “ཐོག་སོ་བཞི་པའི་གྲིབ་མེད་གློག་སྒྲོན་འཚིག་འདུག བཟོ་མཁན་གཏོང་རོགས”ཞེས་བསོད་ནམས་གཡུ་སྒྲོན་ལ་གཤགས་བཅོས་ཁང་གི་ཁ་པར་འབྱོར་རྗེས་ལམ་སེང་ཉམས་བཟོ་ཁང་ལ་ཁ་པར་བརྒྱབ་ནས་བཟོ་མཁན་གཏོང་རོགས་ཞུས།

    བསོད་ནམས་གཡུ་སྒྲོན་ནི་གཤགས་བཅོས་སྦྲིད་སྨན་ཚན་ཁག་གི་སྨན་གཡོག་དཔོན་ཡིན་ཞིང་། “ཁ་པར་ལེན་རྒྱུ་ནི་ངའི་ལས་ཀ་ཡིན། བྱས་ཙང་སྣང་ཆུང་སྤུ་ཙམ་ཡང་བྱེད་མི་རུང་ལ། གཤགས་བཅོས་ཀྱང་འཐུས་ཤོར་མི་ཡོང་བ་བྱེད་དགོས”ཞེས་གསར་འགོད་པར་རང་ཉིད་ཀྱི་ལས་ཀ་དེ་གལ་ཆེན་པོ་ཡིན་ལུགས་བརྗོད།

    2014ལོར་ཁོང་གིས་སྨན་གཡོག་དཔོན་གྱི་འགན་ཐོག་མར་འཁུར་སྐབས། ལས་སྒོ་དང་དོ་དམ་གྱི་གནོན་ཤུགས་ལྕི་བས་སྤྱིར་ན་ངལ་གསོ་བའི་ཁོམ་པ་མེད། “སྐབས་དེ་དུས་དཀའ་ལས་ཁ་ཐག་ཆོད་དེ་ཉིན་ལྟར་མིག་ཆུ་ཤོར་གྱི་ཡོད།

    2015ལོར་པེ་ཅིང་ཞེ་ཧོ་སྨན་ཁང་གཤགས་བཅོས་ཁང་གི་སྨན་གཡོག་དཔོན་ཝང་ཧུའེ་ཀྲེན་ང་ཚོའི་སྨན་ཁང་དུ་སླེབས་པས། ངའི་གནོན་ཤུགས་གཞི་ནས་ཆུང་དུ་ཕྱིན་སོང”ཞེས་སྐབས་དེ་དུས་ཀྱི་སྐོར་བརྗོད་སྐབས་མིག་ཆུ་ཕྲུམ་ཕྲུམ་དུ་ཤོར།

    ད་ཆ་བསོད་ནམས་གཡུ་སྒྲོན་སྨན་གཡོག་དཀྱུས་མ་ཞིག་ནས་སྨན་གཡོག་དཔོན་ལ་གྱུར་ཅིང་། ཁོང་གིས་སྣེ་ཁྲིད་པའི་མི་36ཡོད་པའི་ཚོགས་པ་དེའི་ཚོགས་མིའི་ལོ་ཚད་ཆ་སྙོམས་ལོ་33ཡིན་པ་དང་། ཉིན་ལྟར་ཕྱི་ནད་ཚན་ཁག་ལ་གཞོགས་འདེགས་བྱས་ནས་གཤགས་བཅོས་ཐེངས་40ལྷག་ཙམ་ལེགས་སྒྲུབ་བྱེད་ཀྱི་ཡོད།

    “ད་ལོ་ནི་ངས་སྨན་གཡོག་གྱོན་གོས་གྱོན་ནས་ལོ་17འགྲོ་གི་འདུག སྨན་གཡོག་གྱོན་གོས་གྱོན་པའི་ཉིན་དང་པོ་ནས་བཟུང་གྲིབ་མེད་གློག་ཞུ་དེ་ངའི་ཉི་མ་གཉིས་པར་གྱུར་སོང”ཞེས་བསོད་ནམས་གཡུ་སྒྲོན་གྱིས་བཤད།

    ཕྲུ་གུ་སྐྱེ་བསུ་བྱེད་མཁན་གྱི་ལྷ་རྗེ།

    ཀྲའོ་ལི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བུད་མེད་བུ་བཙའི་ཚན་ཁག་གི་གཙོ་གཉེར་སྨན་གཡོག་ཡིན་ཞིང་། ལས་ཀ་བྱས་ནས་ལོ་13སོང་རིང་། རེ་བ་དང་ངོ་མཚར་གྱིས་ཁེངས་པའི་ཕྲུ་གུ་བཙའ་ཁང་དུ“དཀའ་ཚེགས”དང“སེམས་འགུལ”མཉམ་འདྲེས་ཀྱི་ལས་ལ་གཞོལ་བཞིན་མཆིས།

    2011ལོར་ལས་ཀར་འཛུལ་མ་ཐག་པའི་ཀྲའོ་ལི་ཡིས་སྡོད་བྱའི་སྨན་པ་ཉི་སྒྲོན་གྱི་སྐུལ་ལྕག་འོག་ལས་སྒོའི་གོམ་པ་དང་པོ་དེ་སྤོ་འགོ་ཚུགས། “ཞེད་སྣང་མ་བྱེད། ང་ཁྱེད་རང་གི་འགྲམ་དུ་ཡོད། ངས་སློབས་ཆོག”ཅེས་བཤད་པས་ཁོ་མོའི་དངངས་སྐྲག་ཡལ་ནས་ཕྲུ་གུ་བདེ་བླག་ངང་སྐྱེ་བསུ་ཐུབ་ཡོད།

    “བུ་བཙའི་ཚན་ཁག་ནི་ཉེན་ཁ་ཆེ་བའི་ཚན་ཁག་ཅིག་ཡིན་པས། ངལ་དུབ་དང་སེམས་ཁྲལ་ཆེན་པོ་ཡོད”ཀྲའོ་ལི་ཡིས་གསར་འགོད་པར། ནང་མི་དང་མཉམ་དུ་སྡོད་པའི་དུས་ཚོད་ཧ་ཅང་ཉུང་བའི་ཁར་ཕྲུ་གུར་ཡང་ལྟ་རྟོགས་བྱེད་ཁོམ་མེད་པས་སེམས་སྡུག་ཆེན་པོ་འདུག འོན་ཀྱང་ནད་པས་ཨེམ་རྗེ་ལགས་ཐུགས་རྗེ་ཆེ་ཞེས་བརྗོད་སྐབས་ངས་དཀའ་ལས་བརྒྱབ་རིན་འདུག་སྙམ་བྱུང་ཅེས་བཤད།

    བསིང་བཅོས་ཁང་གི་བར་འབྲེལ་བ།

    ཀྲང་ཏ་ཧུང་རྟག་ཏུ་ཆུ་ཚོད་གཅིག་གི་སྔོན་ལ་ལས་གནས་སུ་འབྱོར་གྱི་ཡོད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བསིང་བཅོས་ཁང་གི་ནད་གཡོག་དཔོན་ཡིན་པའི་ཁོང་གིས་བསིང་བཅོས་འཕྲུལ་འཁོར་42ལ་རེ་རེ་བཞིན་ཞིབ་བཤེར་བྱེད་པ་དང་ཆབས་ཅིག་ནད་པ་200ལྷག་ཙམ་གྱི་བསིང་བཅོས་ཇུས་གཞིར་ཞིབ་བསྡུར་བྱེད་ཀྱི་ཡོད།

    2005ལོར་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་གཡོག་སློབ་གླིང་ནས་མཐར་ཕྱིན་རྗེས་ཀྲང་ཏ་ཧུང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྐྱེས་པ་སྨན་གཡོག་གི་གྲས་སུ་གྱུར། “སྔོན་མ་སྐྱེས་པ་སྨན་གཡོག་ཧ་ཅང་ཉུང་བ་དང་ནད་པའང་དེ་ཙམ་མ་གོམས་པས་ང་ཚོའི་སློབ་གྲོགས་མང་པོ་ཞིག་རིམ་གྱིས་ལས་སྒྱུར་བྱས་ཡོད། འོན་ཀྱང་ངས་ལས་ཀ་འདི་རྒྱུན་འཁྱོངས་བྱས་པས་ད་ཆ་སྐྱེས་པ་སྨན་གཡོག་ཅིག་ཡིན་པའི་ངོས་ནས་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་ལོ་42ལ་སླེབས་པའི་ཀྲང་ཏ་ཧུང་གིས་དགའ་ཚོར་ཆེན་པོས་བཤད།

    ལས་ཀར་འཛུལ་ནས་ད་བར་ལོ་20སོང་རིང་། ཀྲང་ཏ་ཧུང་གིས་ས་མཐོའི་བསིང་བཅོས་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་དཔང་པོ་བྱས་ཡོད། 2008ལོར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་བསིང་བཅོས་འཕྲུལ་ཆས་3ལས་མེད། ད་ཆ་སྨན་ཁང་གི་བསིང་བཅོས་ཁང་དུ་སྨན་གཡོག་25དང་བསིང་བཅོས་འཕྲུལ་ཆས་42ཡོད་པས་ནད་པ་200ལྷག་ཙམ་ལ་སྨན་བཅོས་བྱེད་ཐུབ་ཀྱི་ཡོད།

    2018ལོར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྣེ་ཁྲིད་ནས་བོད་ཀྱི་བསིང་བཅོས་ཆེད་ལས་ཚན་ཁག་གི་སྨན་གཡོག་གསོ་སྦྱོང་རྟེན་གཞི་དང་པོ་དེ་བཙུགས་ཤིང་། སློབ་མའི་རྨང་གཞི་མི་འདྲ་བའི་དོན་དངོས་ལ་གཞིགས་ནས་ཀྲང་ཏ་ཧུང་གིས“སློབ་ཁྲིད་སློབ་ཚན་དང་ལག་ལེན་ནང་སྦྱོང”ཟུང་འབྲེལ་བྱས་ཏེ་སྨན་གཡོག་གི་རིགས་པའི་གཞུང་ལུགས་གོ་བདེ་ཤེས་སླའི་ངང་སློབ་ཁྲིད་བྱེད་ཀྱི་ཡོད།

    ད་ཆ། རྟེན་གཞི་དེས་ལྗོངས་ཡོངས་ལ་ཆེད་ལས་ཚན་ཁག་གི་སྨན་གཡོག་47གསོ་སྐྱོང་བྱས་པ་དང་ལྷོ་ཁ་དང་ནག་ཆུ་སོགས་སུ་བསིང་བཅོས་ཁང་རིམ་བཞིན་བཙུགས་ཡོད། ཀྲང་ཏ་ཧུང་གིས་བསིང་བཅོས་ཞབས་ཞུ་རྫོང་རིམ་པའི་སྨན་ཁང་དུ་ཁྱབ་པར་བྱས་ཏེ་ནད་པར་དུས་ཐོག་ཏུ་སྨན་བཅོས་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།