དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་སྐལ་བཟང་ཆོས་འཕེལ།

    ཤིང་འབྲས་ལྡུམ་ར་ནས་ཐོན་པའི་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-13

    ཉིང་ཁྲི་ས་རྒོད་གསར་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སིའི་དེང་རབས་ཅན་གྱི་འདེབས་འཛུགས་རྟེན་གཞིར་ཤ་རྩི་ཅུང་ནག་ཅིང་སྐྲ་ཐུང་ཐུང་བཞར་བའི་གཞོན་པ་ཞིག་གིས་བཟོ་པའི་སྣེ་ཁྲིད་དེ་ཤིང་འབྲས་ཁྲེ་ལི་ཙི་ཡི་སྡོང་པོར་ཡལ་བཞུར་རྒྱག་པ་དང་། ཟེའུ་འབྲུ་སྡེབ་སྦྱོར་བྱེད་པ། འཚོ་བཅུད་གཤེར་ཁུ་གཏོར་བ་བཅས་བྱེད་བཞིན་ཡོད། ཁོང་གིས་བྱང་ཆུབ་པའི་ཡལ་བཞུར་རྒྱག་རྩལ་རང་དཔེ་གཞན་སྟོན་བྱས་ཏེ། ལག་རྩལ་གྱི་འགག་གནད་འགྲེལ་བཤད་བརྒྱབ།

    འབྲས་ཤིང་འདེབས་འཛུགས་དང་གཡོག་བྱེད་ལ་དུས་ཡུན་རིང་པོ་གཞོལ་བའི་ཞིང་ལས་ལག་རྩལ་པ་ཁོང་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་ཉིང་ཁྲི་ས་རྒོད་གསར་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་སྐལ་བཟང་ཆོས་འཕེལ་རེད།

    བརྒྱད་ཅུ་ནང་སྐྱེས་ཀྱི་སྐལ་བཟང་ཆོས་འཕེལ་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནས་ཡིན་པ་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་ལྡུམ་རའི་ལག་རྩལ་ཆེད་ལས་ནས་སློབ་མཐར་ཕྱིན་ཡོད། 2019ལོའི་ཟླ་3པར། ཁོང་སྐར་མ་ཞིང་རར(ཉིང་ཁྲི་ས་རྒོད་གསར་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སིའི་དེ་སྔའི་མིང)ལས་ཀ་བྱས་ཏེ། ས་མཐོའི་ཞིང་ལས་བྱ་གཞག་ལ་ལེགས་སྐྱེས་འབུལ་བའི་ཡུན་རིང་གི་ཕུགས་འདུན་དངོས་སུ་སྒྲུབ་འགོ་བརྩམས།

    ཤིང་འབྲས་ལྡུམ་ར་ནས་སྐལ་བཟང་ཆོས་འཕེལ་ལ་རང་ཉིད་ཀྱི་དམིགས་ཚད་དང་ཁ་ཕྱོགས་རྙེད། ལོ་འགའི་རིང་ཉམས་མྱོང་ཕུན་སུམ་ཚོགས་པའི་ལས་བཟོ་རྒན་གྲས་དང་སྤེལ་རེས་བྱས་པ་དང་བོད་སྐྱོར་ལག་རྩལ་པའི་སར་སློབ་སྦྱོང་། རང་ཉིད་ཀྱི་ཉམས་མྱོང་བཅས་བརྒྱུད། ཁོང་གིས་ཤིང་ཏོག་ཁྲེ་ལི་ཙི་སོགས་འབྲས་ཤིང་འདེམས་གསོ་དང་། མཐུད་སྦྱོར། མྱུ་གུ་འབུད་པ། ཐོན་འབོར་མང་བ་སོགས་ལག་རྩལ་གྱི་བརྒྱུད་རིམ་ཆ་ཚང་ཞིག་ཁོང་དུ་ཆུད་པ་རེད།

    “ད་ཆ་ང་ཚོའི་ཤིང་ཏོག་ཁྲེ་ལི་ཙི་དེ་སྐར་མ་ཞིང་ལས་ཀྱི་ཐོན་རྫས་གྲགས་ཅན་ཞིག་ཏུ་གྱུར་བ་དང་། འབྲས་ཤིང་གི་ཐོན་འབབ་མང་བའི་དུས་སུ་ལོ་རེའི་ཐོན་ཚད་སྒོར་ཁྲི་100ལྷག་ཙམ་ཟིན་གྱི་ཡོད”ཅེས་སྐལ་བཟང་ཆོས་འཕེལ་གྱིས་དགའ་ཚོར་ཆེན་པོས་བཤད།

    ལོ་དྲུག་རིང་། སྐལ་བཟང་ཆོས་འཕེལ་གྱིས་ཐོག་མཐའ་བར་གསུམ་དུ་འདེབས་འཛུགས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ལས་ཀ་བྱེད་པ་དང་སློབ་སྦྱོང་བྱེད་ཞོར་དུ་ལག་ལེན་དང་འཚོལ་ཞིབ་བྱས་ཏེ། རང་དཔེ་གཞན་སྟོན་གྱིས་འདེབས་འཛུགས་ལག་རྩལ་རིམ་སྤོར་དང་། ཤིང་ཏོག་གི་སྤུས་འབོར་མཐོར་གཏོང་། ལག་རྩལ་བཟོ་པ་གསོ་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས། རང་ཉིད་ཀྱི་སེམས་ནུས་ཡོད་ཚད་ཉང་ཆུའི་ངོགས་ཀྱི་ཞིང་སར་བཏོན་ཡོད།

    སྐལ་བཟང་ཆོས་འཕེལ་གྱིས“བརྒྱུད་རོགས་ཁྲིད་གསུམ”དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། འདེབས་འཛུགས་ལག་རྩལ་གྱི་ཤེས་བྱ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གཞན་ལ་སློབ་ཀྱི་ཡོད། རྟག་ཏུ་བཀོལ་སྤྱོད་གསོ་སྦྱོང་དང་དཔེ་མཚོན་དབྱེ་ཞིབ་བྱེད་པ་མ་ཟད། ད་དུང་མཐའ་འཁོར་གྲོང་ཚོའི་འདེབས་འཛུགས་དུད་ཚང་ལ་ཉམས་མྱོང་མཉམ་སྤྱོད་བྱས་ནས་ཡུལ་དེ་གའི་ནགས་ལས་དང་ཤིང་འབྲས་ལས་རིགས་འཕེལ་རྒྱས་གཏོང་ཆེད། ལག་རྩལ་མཁས་པ་མང་པོ་གསོ་སྐྱོང་བྱས་པས་ཁོང་ཚང་མའི་དགེ་རྒན་བཟང་པོར་གྱུར།

    ཡུལ་དེ་གའི་ཤིང་འབྲས་འདེབས་མཁན་ཞིང་པ་ཡེ་ཤེས་ཚེ་རིང་ནི་སྐལ་བཟང་ཆོས་འཕེལ་གྱིས“བརྒྱུད་རོགས་ཁྲིད་གསུམ”བྱེད་པའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་ཞིག་ཡིན་ཞིང་། ཁོང་གིས་སྐར་མ་ཞིང་རའི་དྲོད་ཁང་མུའུ་100ལྷག་ཙམ་འགན་གཙང་བླངས་ནས་རྒུན་འབྲུམ་སོགས་བཏབ་ཡོད། ཐོག་མར་ལག་རྩལ་དང་དོ་དམ་བྱེད་མི་ཤེས་པས་ཤིང་འབྲས་ཀྱི་ཐོན་འབབ་དམའ་བ་དང་། མདོག་ངན་པ། ནད་འབུའི་གནོད་འཚེ་མང་པོ་ཕོག་པ་བཅས་ལས་གྱོང་གུན་ཆེན་པོ་ཕོག་པ་རེད།

    སྐལ་བཟང་ཆོས་འཕེལ་གྱིས་གནས་ཚུལ་ཤེས་རྗེས། རང་འགུལ་ངང་ཆུ་གཏོང་བ་དང་། ལུད་རྒྱག་པ། ཡལ་བཞུར་རྒྱག་པ་སོགས་ཀྱི་གཞི་རྩའི་ལྷུ་ཚིགས་ནས་རིམ་པ་བཞིན་བསླབས་པ་མ་ཟད། ད་དུང་ཤིང་འབྲས་ལྡུམ་རའི་སྐྱེ་འཚར་གྱི་གནས་ཚུལ་ལ་ཡང་ཡང་ལྟ་བར་ཕྱིན་ནས་འདེབས་འཛུགས་ལག་རྩལ་ཆ་ཚང་ཡེ་ཤེས་ཚེ་རིང་ལ་བསླབས་པ་རེད། 2022ལོ་ནས་བཟུང་ཡེ་ཤེས་ཚེ་རིང་གི་ཤིང་འབྲས་ལྡུམ་རའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་ཏེ་ཁོང་ཡང་ཤིང་འབྲས་འདེབས་འཛུགས་ཀྱི་འཇོན་ཐང་ཅན་ཞིག་ཏུ་གྱུར་ཡོད།

    ཡེ་ཤེས་ཚེ་རིང་གིས“སྐལ་བཟང་ཆོས་འཕེལ་གྱིས་ང་ལ་ངང་རྒྱུད་རིང་པོས་ལག་རྩལ་ཞིབ་ཚགས་བསླབས་བྱུང་། ཁོང་ནི་དགེ་རྒན་ཡག་པོ་ཞིག་རེད། ཁོང་གིས་ངར་སེམས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

    རྟེན་གཞིར་སྐལ་བཟང་ཆོས་འཕེལ་གྱིས་ཚོགས་པ་དང་མཉམ་དུ་འགག་སྒྲོལ་བྱས་ཏེ། ཤིང་འབྲས་ལྡུམ་རའི་དོ་དམ་ལག་རྩལ་གསར་བརྗེ་སོགས་གྲུབ་འབྲས་ཁག་བཅུ་ལྷག་ཙམ་ལེགས་སྒྲུབ་བྱས་པ་མ་ཟད། འབྲས་ཤིང་ཐོན་ལས་འཁོར་འབྲེལ་གྱི་ལེགས་སྒྲིག་ཇུས་གཞི་བཏོན་ནས་ཁེ་ལས་ལ་འབྲས་ཤིང་གི་སྣ་ཁ་གསར་བཅོས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པས། ཤིང་འབྲས་ལྡུམ་རའི་འབྲས་ཤིང་གི་སྣ་ཁ་རྐྱང་པ་དང་། འབྲས་བུ་ཆུང་བ། ནད་འབུའི་གནོད་འཚེ་མང་པོ་ཕོག་པ་སོགས་ཀྱི་དཀའ་གནད་ཐག་གཅོད་ཐུབ་ནས། ཁེ་ལས་ལ་ཐོན་སྐྱེད་ཀྱི་མ་གནས་ཆུང་དུ་གཏོང་རོགས་བྱས་ཁར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བཏོད་པ་རེད།

    བཟོ་པ་དཀྱུས་མ་ཞིག་ནས་ལག་རྩལ་རྐང་འཛིན་པ་ཞིག་བར་དང་དེ་ནས་ས་མཐོའི་འདེབས་འཛུགས་ལས་རིགས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཞིག་བར། སྐལ་བཟང་ཆོས་འཕེལ་གྱིས་འབྲས་ཤིང་འདེབས་འཛུགས་བྱ་རྒྱུ་དེ་བྱ་གཞག་ཅིག་ཏུ་བརྩིས་ནས་ཞིང་ནང་དུ་རེ་བའི་ས་བོན་བཏབ་སྟེ། ཞིམ་མངར་ཤིང་འབྲས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།