དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དུས་ཚིགས་དང་པོར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་10.3ཟིན་ནས་དུས་མཚུངས་ལས་1.3%འཕར་བ།

    ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་དུས་ཚིགས་བརྒྱད་བསྟུད་མར་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཨོའུ་དབྱང་ཅེ།   |     སྤེལ་དུས།  2025-05-12

    “གསོག་འབོར་གྱི་སྲིད་ཇུས་དང་འཕར་འབོར་གྱི་སྲིད་ཇུས་ཁག་ལ་མུ་མཐུད་ཤུགས་བརྒྱབ་པའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ནས་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་བརྟན་པོ་ཚུགས་པ་དང་། འཕེལ་ཕྱོགས་གསར་པ་དང་བཟང་པོ་བྱུང་སྟེ། ཕྱི་ཕྱོགས་ཚོང་དོན་གནོན་ཤུགས་བསུ་བཞིན་མདུན་སྐྱོད་ཐུབ་ནས་གཞི་ཁྱོན་འཕར་བ་དང་སྤུས་ཚད་མཐོ་རུ་ཕྱིན་ཡོད། འདི་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་10.3ཟིན་ནས་དུས་མཚུངས་ལས་1.3%འཕར་ཡོད”ཅེས་ཉེ་ཆར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཝང་ལིང་ཅུན་གྱིས་བཤད།

    ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ཟླ་རེ་བཞིན་བསྐྱར་འཕར་བྱུང་ནས་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་མཐོ་རུ་ཕྱིན་པ།

    དུས་ཚིགས་དང་པོར། རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་6.13ཟིན་ནས་6.9%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་4.17ཟིན་ནས་6%ཆག་ཡོད། ཝང་ལིང་ཅུན་གྱིས་གཤམ་གསལ་གྱི་ཕྱོགས་བཞིའི་ཐད་ཀྱི་ཁྱད་ཆོས་ངོ་སྤྲོད་བྱས་པ་སྟེ།

    གཅིག་ནི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ཟླ་རེ་བཞིན་བསྐྱར་འཕར་བྱུང་བ། དུས་ཚིགས་དང་པོར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཟིན་ཐོ་མཐོ་ཤོས་བཏོད་ནས། དུས་ཚིགས་བརྒྱད་བསྟུད་མར་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་ཡོད།

    གཉིས་ནི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་མཐོ་རུ་ཕྱིན་པ། དུས་ཚིགས་དང་པོར་རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.85ཟིན་ནས་5.8%འཕར་བ་དེས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་56.8%བཟུང་ཞིང་། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.4འཕར་ཡོད། དེ་དང་ཆབས་ཅིག ཕྱི་ཕྱོགས་ཚོང་པའི་མ་འཇོག་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.99ཟིན་ནས་0.4%འཕར་བ་དེས་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་29%བཟུང་ཡོད།

    གསུམ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་པའི་འཕར་ཚད་སྤྱི་ཡོངས་ལས་མཐོ་བ། དུས་ཚིགས་དང་པོར་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.26ཟིན་ནས་2.2%འཕར་བ་དེ་སྤྱི་ཡོངས་ལས་བརྒྱ་ཆའི་གྲངས་0.9ཡིས་མཐོ་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་51.1%བཟུང་བའི་ནང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.71ཟིན་ནས་7.1%འཕར་ཡོད།

    བཞི་ནི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཅུང་མགྱོགས་པོ་འཕར་བ། དུས་ཚིགས་དང་པོར། རང་རྒྱལ་གྱིས་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.29ཟིན་ནས་7.7%འཕར་བའི་ནང་། ཁྱིམ་སྤྱོད་གློག་ཆས་དང་། ཟིན་བྲིས་གློག་ཀླད། གློག་རྡུལ་ལྷུ་ལག་སོགས་ཕྱིར་གཏོང་བྱེད་ཚད་ཅུང་མགྱོགས་ཙམ་འཕར་བ་མ་ཟད། རང་འགུལ་གྲངས་གཞི་ཐག་གཅོད་སྒྲིག་ཆས་ཀྱི་ལྷུ་ལག་དང་། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་སོགས་ནང་འདྲེན་བྱེད་ཚད་ཀྱང་མགྱོགས་ཙམ་འཕར་ཡོད་པ་བཅས་རེད།

    ཕྱིར་གཏོང་ལ་མཉེན་ཤུགས་ཆེན་པོ་མངོན་པ་དང་ནང་འདྲེན་འཕར་བའི་བར་མཐོངས་ཆེ་བ།

    དང་ཐོག་ཕྱིར་གཏོང་གི་གནས་ཚུལ་ནས་བལྟས་ཚེ། “དུས་ཚིགས་དང་པོར། རང་རྒྱལ་གྱི་ཕྱིར་གཏོང་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་6ཟིན་ནས་6.9%ཡི་འཕར་ཚད་མྱུར་ཙམ་བྱུང་སྟེ། གནོན་ཤུགས་མདུན་དུ་མཉེན་ཤུགས་ཆེན་པོ་མངོན་ཡོད”ཅེས་འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགྱུར་མགྲིན་ཚབ་པ་དང་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལུའེ་ཏ་ལེང་གིས་དབྱེ་ཞིབ་བྱས་ནས་བཤད་པ་དང་། ཁོང་གིས་མཉེན་ཤུགས་དེ་དགོས་མཁོ་དང་། གསར་གཏོད། འགྲན་རྩོད་ནུས་པ་སོགས་ཀྱི་ཐད་ནས་མངོན་ཚུལ་བཤད།

    རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོའི་ཐད། དུས་ཚིགས་དང་པོར། གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་གཉེར་སྐྱོང་སྟོན་གྲངས་ཀྱི་སྙོམས་ཐང་49.9%ཟིན་པ་དེ་ན་ནིང་གི་དུས་ཚིགས་བཞི་པོ་ལས་མཐོ་བ་མ་ཟད། ན་ནིང་གི་དུས་མཚུངས་ལས་ཀྱང་མཐོ་བ་ཡོད། དེའི་ནང་། ཟླ་གསུམ་པར་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་བཟོ་སྐྲུན་ལས་རིགས་ཚང་མ་རྒྱ་སྐྱེད་འགྲོ་བཞིན་ཡོད། འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱིས་གོང་གསལ་ས་ཁུལ་ལ་ཕྱིར་གཏོང་བྱེད་ཚད་7.8%དང་12.5%སོ་སོར་འཕར་བ་དང་། འཕར་ཚད་ཚང་མ་སྤྱི་ཡོངས་ལས་མཐོ་བ་ཡོད། དུས་ཚིགས་དང་པོར། རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་ལ་ཕྱིར་གཏོང་བྱེད་ཚད་འཕར་ཡོད།

    རྒྱལ་ནང་གི་ཐོན་ལས་གསར་གཏོད་ཐད། ཀྲུང་གོས་ལན་པར་གྱི་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སྒྱུར་སྒུལ་ནུས་ཆེན་པོ་ཡོད། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་ཕྱིར་གཏོང་བྱེད་ཚད་ལོ་བཞི་བསྟུད་མར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་དུས་ཚིགས་དང་པོར་མུ་མཐུད་10.8%འཕར་བ་དང་། ཆེད་སྤྱོད་སྒྲིག་ཆས་ཕྱིར་གཏོང་བྱེད་ཚད་ལོ་དགུ་བསྟུད་མར་འཕར་ནས་དུས་ཚིགས་དང་པོར་16.2%འཕར་ཡོད།

    གཉིས་པ་ནང་འདྲེན་ཐད་ནས་བལྟས་ཚེ། “དུས་ཚིགས་དང་པོར་ནང་འདྲེན་གྱི་འཕར་ཚད་ཆག་པ་ནི་ཕྱོགས་མང་པོའི་རྒྱུ་རྐྱེན་ལས་བྱུང་བ་ཞིག་ཡིན”ཞེས་ལུའེ་ཏ་ལེང་གིས་བཤད་པ་དང་། ཁོང་གིས། ཚོང་ཟོག་མི་འདྲ་བ་ནང་འདྲེན་བྱེད་ཚད་ལ་འཕར་ཆག་གཉིས་ཀ་བྱུང་བའི་ནང་། རྒྱལ་སྤྱིའི་ཚོང་ཟོག་འབོར་ཆེན་གྱི་རིན་གོང་ཆག་པའི་ཤུགས་རྐྱེན་དབང་གིས། དུས་ཚིགས་དང་པོར། རང་རྒྱལ་གྱི་ལྕགས་གཏེར་དང་རྡོ་སོལ་ནང་འདྲེན་གྱི་ཆ་སྙོམས་རིན་གོང་ཆག་ཚད་བཅུ་ཆ་གཉིས་ལྷག་ཙམ་ཟིན་པ་དང་། མ་བཅོས་སྣུམ་དང་སྲན་ཆེན་ནང་འདྲེན་གྱི་ཆ་སྙོམས་རིན་གོང་ཡང་5.7%དང་16.6%སོ་སོར་ཆག་ནས། རིན་གོང་གི་རྒྱུ་རྐྱེན་དེ་དག་དབང་གིས་སྤྱི་ཡོངས་ཀྱི་ནང་འདྲེན་གྱི་འཕར་ཚད་བརྒྱ་ཆའི་གྲངས་2.6ལ་ཤུགས་རྐྱེན་ཐེབས་ཡོད། གཞན་ཡང་། ན་ནིང་དང་བསྡུར་ན། འདི་ལོའི་དུས་ཚིགས་དང་པོར་ལས་ཀའི་ཉིན་མོ་2ཉུང་བའི་དབང་གིས་ཀྱང་ནང་འདྲེན་གྱི་འཕར་ཚད་བརྒྱ་ཆའི་གྲངས་2ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་ཅེས་ངོ་སྤྲོད་བྱས།

    “གོ་ལ་ཧྲིལ་པོའི་ནང་འདྲེན་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ་ཡིན་པའི་རང་རྒྱལ་གྱི་གནས་བབ་ལོ་16བསྟུད་མར་རྒྱུན་འཁྱོངས་ཐུབ་ནས་ལོ་རེའི་ཆ་སྙོམས་འཕར་ཚད་5.4%ཟིན་པ་དང་། ལོ་ཧྲིལ་པོའི་ནང་འདྲེན་གྱི་ཐོབ་སྐལ་ཡང་7.9%ནས་10.5%བར་བརྟན་པོ་འཕར་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ནང་འདྲེན་འཕར་ཚད་ཀྱི་མདུན་ལམ་ཡངས་པོ་ཡོད་པས། ཀྲུང་གོའི་ཁྲོམ་ར་ཆེན་པོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་གོ་སྐབས་ཆེན་པོ་ཞིག་ཏུ་གྱུར་ཡོད”ཅེས་ལུའེ་ཏ་ལེང་གིས་བཤད།

    བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་དང་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་པ།

    “ཉེ་ཆར། ཨ་རི་སྲིད་གཞུང་གིས་སྒོ་ཁྲལ་རང་དགར་བསྡུ་བ་དེས་ཀྲུང་གོ་དང་ཨ་རི་ཚུད་པའི་གོ་ལ་ཧྲིལ་པོའི་ཚོང་དོན་ལ་གཡོལ་ཐབས་མེད་པའི་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཀྲུང་གོས་འཕྲལ་མར་དགོས་ངེས་ཀྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་མཐའ་གཅིག་ཏུ་སྤྱད་པ་འདི་ནི་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད་ཡིན་ལ། རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱ་ཆེད་ཀྱང་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་དང་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཀྱི་ཡིན”ཞེས་ཝང་ལིང་ཅུན་གྱིས་བཤད་པ་དང་། ཁོང་གིས། ཚོང་དོན་འཁྲུག་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད་ལ་སྲུང་སྐྱོབ་རིང་ལུགས་ལ་མདུན་ལམ་དེ་བས་ཀྱང་མེད། ཨ་རི་སྲིད་གཞུང་གི་བྱེད་ལུགས་བྱེད་སྟངས་ལ་གོ་ལ་ཧྲིལ་པོས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་མཐའ་གཅིག་ཏུ་སྤྱད་པ་དང་འབྲེལ། ཕྱོགས་ཁག་དང་མཉམ་དུ་མུ་མཐུད་ཨ་རིའི་སྒོ་ཁྲལ་གྱི་བཙན་པོ་ཧམ་ཤེད་ཀྱི་བྱེད་སྤྱོད་ལ་ངོ་རྒོལ་བྱས་ནས། ཕྱོགས་མང་གི་ཚོང་དོན་སྒྲིག་སྲོལ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།