“ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་ས་ཁོངས་མཉམ་ལས་ཀྱི་ལམ་བུ་གསར་པར་བསྐྱོད་པ”
ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོ”རེད། ཉིན་ཤས་གོང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མཐུན་སྦྱོར་བའི་འཐུས་མི་ཚོགས་པ་ཧྲང་ཧའེ་རུ་ལྟ་སྐོར་འཚམས་འདྲིར་ཡོང་སྟེ “ཕ་ཡུལ་དུ་ལོག་པའི་འགྲུལ་བཞུད”ཀྱི་སྒོ་མོ་ཕྱེ་ཡོད།
ཧྲང་ཧའེ་ལྷོ་ནུབ་མཚམས་སུ་གནས་པའི་ནུབ་འདབས་མགྲོན་ཁང་དུ་འབྱོར་རྗེས། ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་བའི་ལྕང་གསེབ་ཀྱི་དབེན་ཞིང་འཇམ་པའི་ནགས་ཁྲོད་ལམ་ཆུང་ཞིག་འདེད་ནས་བསྐྱོད་ཚེ། རྩྭ་ཡི་སྤྱིལ་བུའི་བསིལ་ཁང་ཞིག་མིག་མདུན་དུ་ཝ་ལེར་འཆར་འོང་། བསིལ་ཁང་གི་ཕྱོགས་བཞི་ཀར་འགྲོ་ས་ཡོད་པ་དང་རང་བཞིན་ལྷུན་གྱིས་གྲུབ་པའི་བབ་ཆགས་ཀྱི་ཉམས་སྣང་ཞིག་མངོན་ཡོང་གི་འདུག ཧྲང་ཧའེ་གྲོང་ཁྱེར་ཕྱི་དོན་དོན་གཅོད་ཁང་གི་ལས་དོན་མི་སྣའི་ངོ་སྤྲོད་འོག་བསིལ་ཁང་དེ་ལ་སྤྲོ་འཕེལ་བསིལ་ཁང་ཟེར་གྱི་འདུག 2001ལོའི་ཟླ་6ཚེས་14ཉིན་གྱི་ཕྱི་དྲོ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་འདི་གར་དངོས་གཞི་མིན་པའི་མཇལ་འཛོམས་གནང་ཡོད། ཉིན་གཉིས་པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ཚོགས་འདུ་འཚོགས་ཡོད། ཚོགས་འདུ་གྲོལ་རྗེས། རྒྱལ་ཁབ་དྲུག་གི་གཙོ་བདག་གིས་ཐུན་མོང་ཐོག《ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པའི་བསྒྲགས་གཏམ》ལ་མིང་རྟགས་བཀོད་ཡོད། 2006ལོའི་ཟླ་6པར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་འཚོག་རིང་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་གིས་སྤྲོ་འཕེལ་བསིལ་ཁང་གི་འགྲམ་དུ་མཛའ་གྲོགས་མཚོན་པའི་སྣ་མའི་མེ་ཏོག་དཀར་པོ་ཞིག་མཉམ་དུ་བཏབ་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུཌ་བཙུགས་ནས་ལོ་5འཁོར་བར་དྲན་གསོ་ཞུས་ཡོད།
ད་རེས“ཕ་ཡུལ་དུ་ལོག་པའི་འགྲུལ་བཞུད”དེའི་ཐད་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་ཀྱི་མཐུན་སྦྱོར་བ་ཨུ་པའེ་ཏུའུ་ལཱ་ཡེ་ཧྥུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར། “འདི་ག་ནི་ང་ཚོ་གསར་གཏོད་བྱེད་མཁན་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཐོག་མར་འཇལ་འཛོམས་གནང་ས་དེ་རེད། ཧྲང་ཧའེ་གྲོང་ཁྱེར་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཛུགས་པ་དང་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ང་ཚོའི་མཉམ་ལས་ཀྱི་རྨང་གཞི་དེ་བས་བརྟན་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད་བྱུང་།
ལོ་24ཡི་རིང་འཕེལ་རྒྱས་བཏང་བ་བརྒྱུད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཁོངས་མིའི་རྒྱལ་ཁབ་6ནས་26བར་མང་དུ་ཕྱིན་ཏེ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་ཚང་ཆེ་མོར”གྱུར་ནས་འཛམ་གླིང་ཐོག་ཁྱབ་ཁོངས་རྒྱ་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཏུ་གྱུར་ཡོད། དབྱི་རན་རྒྱལ་ཁབ་ཀྱི་མཐུན་སྦྱོར་བ་ཅི་ཡཱ་དབྱི་ཡིས་གསར་འགོད་པར། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པ་དེར་འཐབ་ཇུས་ཀྱི་མིག་རྒྱང་རིང་པོ་ལྡན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ‘ཧྲང་ཧའེ་ཡི་སྙིང་སྟོབས’རྒྱུན་འཁྱོངས་བྱས་ཏེ་ས་ཁོངས་མཉམ་ལས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད”ཅེས་བརྗོད།
འཐུས་མི་ཚོགས་པའི་ཁོངས་མི་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཏོན་པ་མ་ཟད། ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་སྐྱེ་སྟོབས་ཆེན་པོ་དང་མཉམ་ལས་ཀྱི་སྒུལ་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་པའི“འཕེལ་རྒྱས་ཀྱི་གསང་བའི་ལྡེ་མིག”ཡིན་པ་དང་མཉམ་ལས་དེ་རིགས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད།