དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

    དཀའ་གྱར་བྱིས་པའི་ཕན་བདེའི་འགན་སྲུང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-12

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དཀའ་གྱར་བྱིས་པའི་ཕན་བདེའི་འགན་སྲུང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་ལ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《བསམ་འཆར》ནང་བྱིས་པ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་བྱིས་པར་ཕན་ཐོགས་ཆེ་ཤོས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གཞི་རྩའི་འགན་སྲུང་དང་། ཞབས་ཞུ་ལེགས་གཏོང་། ཁེ་དབང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། ཚན་རིག་དང་མཐུན་པའི་རིགས་དབྱེར་ཤུགས་སྣོན་རྒྱག་པ་དང་གནད་སྨིན་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ་དཀའ་གྱར་བྱིས་པའི་ཕན་བདེའི་འགན་སྲུང་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་དགོས།

    《བསམ་འཆར》ནང་བཏོན་དོན། དཀའ་གྱར་བྱིས་པའི་ཕན་བདེའི་འགན་སྲུང་མ་ལག་ཆེན་པོ་དྲུག་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། གཅིག་ནས་གཞི་རྩའི་འཚོ་བའི་འགན་སྲུང་མ་ལག་སྲ་བརྟན་དུ་གཏོང་བ་དང་། གཞི་རྩའི་འཚོ་བ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རྩའི་འཚོ་བ་འགན་སྲུང་བྱེད་སྟངས་ལེགས་སུ་གཏོང་བ། གཞི་རྩའི་འཚོ་བའི་འགན་སྲུང་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། “དངོས་པོ་དང་ཞབས་ཞུ་ཟུང་དུ་འབྲེལ་བའི”སྣ་མང་འགན་སྲུང་རྣམ་པ་གཏོད་དགོས་པ་དང་། གཉིས་ནས་སྨན་བཅོས་ལུས་གསོའི་ཞབས་ཞུའི་མ་ལག་ལེགས་སུ་གཏོང་བ་དང་། དཀའ་གྱར་བྱིས་པའི་སྨན་བཅོས་འགན་སྲུང་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་རོགས་སྐྱོབ་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་ལུས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནས་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དཀའ་གྱར་བྱིས་པ་འདྲ་མཉམ་ངང་སློབ་གསོའི་ཞབས་ཞུ་དང་ལེན་བྱེད་པར་འགན་སྲུང་བྱེད་པ། དམིགས་བསལ་སློབ་གསོའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། སློབ་གསོའི་རོགས་སྐྱོར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། བཞི་ནས་སེམས་ཁམས་བདེ་ཐང་གི་གཅེས་སྐྱོང་ཞབས་ཞུའི་མ་ལག་འཛུགས་པ་དང་། སེམས་ཁམས་བདེ་ཐང་གི་སློབ་གསོ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། སེམས་ཁམས་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བཅས་བྱས་ཏེ། དཀའ་གྱར་བྱིས་པའི་སེམས་ཁམས་བྱ་སྤྱོད་རྒྱུན་གཏན་མིན་པའི་གནས་ཚུལ་སྔ་ཙམ་ཤེས་རྟོགས་བྱེད་པ་དང་དུས་ཐོག་དང་ནུས་ཆེའི་སྒོ་ནས་སྨན་ཁང་སྒྱུར་རོགས་བྱེད་དགོས། ལྔ་ནས་མི་ལུས་བདེ་འཇགས་ཀྱི་སྲུང་སྐྱོང་མ་ལག་བརྟན་པོར་བཙུགས་ནས་དཀའ་གྱར་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བ་དང་། གནོད་འཚེ་ཕོག་པའི་དཀའ་གྱར་བྱིས་པར་རོགས་སྐྱོབ་དང་སྲུང་སྐྱོང་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་སུ་དཀའ་གྱར་བྱིས་པའི་གོམས་གཤིས་ངན་པ་སྔོན་འགོག་ཧུར་ཐག་བྱེད་དགོས། དྲུག་ནས་ཁྲིམས་གཏན་འཁེལ་བའི་ལྟ་སྐྱོང་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱིམ་ཚང་གི་ལྟ་སྐྱོང་འགན་འཁྲི་ཤུགས་ཆེར་གཏོང་བ། རྒྱལ་ཁབ་ཀྱི་ལྟ་སྐྱོང་ལམ་ལུཌ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། བྱིས་པའི་ཕན་བདེའི་སྒྲིག་གཞིའི་ལྟ་སྐྱོང་རྒྱབ་སྐྱོར་ནུས་པ་འདོན་དགོས།

    《བསམ་འཆར》ནང་ཁ་གསལ་བཏོན་དོན། གཞི་རིམ་གྱི་རྨང་གཞིའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། བྱིས་པའི་ཀྲུའུ་རེན་སོགས་གཞི་རིམ་བྱིས་པའི་ལས་དོན་པར་སྐུལ་ལྕག་འགན་སྲུང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། དཀའ་ངལ་ཡོད་པའི་བྱིས་པའི་ཕན་བདེ་འགན་སྲུང་གི་འབྲེལ་ཡོད་གྲོན་དངུལ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་མི་རྒྱུ་དངོས་གསུམ་སོགས་སྟོབས་ཤུགས་ཀྱི་ཐོན་ཁུངས་གཞི་རིམ་གྱི་འཐབ་ས་དང་པོར་ཕྱོགས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁྲིམས་སྲོལ་ལམ་ལུགས་དང་ཆ་འཕྲིན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དཀའ་གྱར་བྱིས་པར་གཅེས་སྐྱོང་ཞབས་ཞུའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བ། དཀའ་གྱར་བྱིས་པར་གནད་སྨིན་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཚན་དབར་གྱི་གཞི་གྲངས་ཆ་འཕྲིན་མཉམ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གནད་སྨིན་ཞབས་ཞུ་དོ་དམ་མངོན་འགྱུར་ཡོང་བ་བྱེད་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པར་སྐུལ་འདེད་གཏོང་བ་དང་། དཀའ་གྱར་བྱིས་པའི་དགོས་མཁོ་དང་དགེ་སྒྲུབ་རྩ་འཛུགས་ཀྱི་ཞབས་ཞུ་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་དམངས་ཀྱིས་དགེ་སྒྲུབ་རོགས་སྐྱོར་དང་དང་བླངས་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད། དཀའ་གྱར་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།

    《བསམ་འཆར》ནང་ནན་བཤད་བྱས་དོན། ས་གནས་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། དཀའ་གྱར་བྱིས་པའི་ཕན་བདེ་འགན་སྲུང་དེ་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩིས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང“འགོ་གཙོ་དང་པོས”དངོས་སུ་དམ་འཛིན་དང་འགན་གཙོ་བོ་འཁུར་རྒྱུ་མཐའ་འཁྱོངས་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།