ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ལྷ་ས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ལྷ་སའི་གཞོན་ནུ་ལོ་ཆུང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་སྐབས་གཉིས་པ་གཉེར་ཞིང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)8དང་བྱེད་ནུས་ཁུལ་3གྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་25འགྲན་བསྡུར་ནང་ཞུགས་པ་རེད།
འགྲན་བསྡུར་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་གི་བཅོ་ལྔ་ལྷ་མོ་དང་། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་གུ་རུ་ཚེ་མཚོ། གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་བློ་བཟང་སྒྲོལ་མ། མཚོ་སྨད་གྲོང་ཚོའི་ཚན་རྩལ་ཆེད་བསྐོས་པ་གཡང་ལགས། མལ་གྲོ་གུང་དཀར་རྫོང་རྒ་ལོ་དགོན་པའི་རིག་འཛིན་པད་མ་རྡོ་རྗེ་བཅས་ལ་སློབ་ཆུང་ཚོགས་ཆུང་དང་། སློབ་འབྲིང་ཚོགས་ཆུང་། གཞོན་ནུའི་ཚོགས་ཆུང་། གྲོང་ཚོ་དང་གྲོང་ལྷན་གྱི་གཞོན་ནུའི་ཚོགས་ཆུང་། ཆོས་ལུགས་གཞོན་ནུའི་ཚོགས་ཆུང་བཅས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུད་དང་། གུང་གཞོན་སྡེ་ཚོགས་ལྷུན་གྲུབ་རྫོང་ཨུད། གུང་གཞོན་སྡེ་ཚོགས་འདམ་གཞུང་རྫོང་ཨུད་བཅས་ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་པ་རེད།