དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཧོ་ཐའོ་ཡིས།

    བགྲང་བྱ་བཅུ་བདུན་རིང་ས་མཐོར་གནམ་གྲུ་ཉམས་བཟོའི་ལས་ལ་གཞོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-12

    འདི་ནི་ཧོ་ཐའོ་ཡིས་གནམ་གྲུའི་ལྷུ་ལག་ལ་ཞིབ་བཤེར་བྱེད་བཞིན་པ།

    ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་ཉིན་ལྟར་གནམ་གྲུ་བཅུ་གྲངས་ཁ་ཤས་འཕུར་བབས་བྱེད་ཀྱི་ཡོད་ཅིང་། གནམ་གྲུའི་མཐའ་འཁོར་དུ་བྲེལ་བརྩོན་ཆེ་བའི་གཟུགས་བརྙན་ཞིག་མངོན་པ་དེ་ནི་འདི་ལོ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་པའི་བོད་ལྗོངས་མཁའ་འགྲུལ་ཉམས་བཟོ་པུའུ་ལྷ་སའི་ཉམས་བཟོ་ཡན་ལག་པུའུ་ཡི་ཅིང་ལི་གཞོན་པ་ཧོ་ཐའོ་རེད།

    2008ལོར་ཧོ་ཐའོ་ཡིས་བོད་ལྗོངས་མཁའ་འགྲུལ་འཛུགས་སྐྲུན་གྱི་བྱ་གཞག་ནང་ཞུགས་རྒྱུའི་གདམ་ག་བྱས་པ་ནས་བཟུང་གངས་ལྗོངས་ས་མཐོར་གཞིས་ཚུགས། བགྲང་བྱ་17རིང་ཧོ་ཐའོ་ཡིས་ལག་གཉིས་ལ་བརྟེན་ནས་གངས་ལྗོངས་ཀྱི་མཁའ་ལམ་བསྲུངས་ཡོད་ལ་བོད་ཀྱི་མཁའ་འགྲུལ་བྱ་གཞག་དེ་མཁའ་ལམ་གཅིག་ནས་མཁའ་ལམ་191བར་གྱི་འཕེལ་རྒྱས་ཆེན་པོ་བྱུང་བའི་དཔང་པོ་བྱས་ཡོད།

    ལས་ཀར་ཐོག་མར་ཞུགས་སྐབས་ས་མཐོའི་རྙོག་འཛིང་ཆེ་བའི་གནམ་གཤིས་ཀྱི་ཆ་རྐྱེན་དང་གཟབ་ཅིང་ནན་པའི་ཉམས་བཟོའི་ཚད་གཞི་ལས་ཧོ་ཐའོ་ལ་འགྲན་སློང་དྲག་པོ་འཕྲད། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཟིན་པའི་གྲང་ངར་ཆེ་བའི་མཚན་མོར་གསོ་རླུང་ཧ་ཅང་དཀོན་པའི་དབང་གིས་ལས་དོན་དེ་བས་སྤེལ་ཁག་པོ་ཡོད་མོད། འོན་ཀྱང་ཁོང་གིས་དཔའ་གཏན་ནས་མ་ཞུམ་པར་ལུས་ཐོག་ཏུ་འཁྱེར་བའི་ཟིན་བྲིས་དེབ་ཐོག་དགེ་རྒན་ཚོས་བསླབས་པའི་ཉམས་མྱོང་དང་། སྒྲིག་ཆས་ཀྱི་དཔྱད་གྲངས། བཀོལ་སྤྱོད་ཀྱི་གནད་འགག་བཅས་ཟིན་བྲིས་བརྒྱབ་ཅིང་། “གནམ་གྲུ་ཉམས་བཟོ་བྱེད་པར་སྟེས་དབང་གི་བསམ་བློ་གཏན་ནས་འཁྱེར་མི་རུང་བ་དང་ལྷོད་གཡེང་ཕྲན་ཙམ་ཤོར་ཚེ་གནམ་གྲུ་ཧྲིལ་པོའི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད”ཅེས་པའི་གུས་སྐྲག་གི་བསམ་པ་དེ་ལྟ་བུ་བཅངས་པར་བརྟེན་ཁོང་ཉམས་བཟོའི་དཔུང་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་རིམ་བཞིན་གྱུར།

    བགྲང་བྱ་17རིང་ཧོ་ཐའོ་ཡིས་བོད་ཀྱི་མཁའ་འགྲུལ་གྱི་སྒུལ་བྱེད་འཕྲུལ་འཁོར་གྱི་མཇུག་རླངས་དང་། རླུང་འགོག HMUསོགས་གཙོ་གནད་ཉམས་བཟོའི་རྣམ་གྲངས་ནང་ཞུགས་ཏེ་གཙོ་གནད་ཉམས་བཟོའི་ལས་དོན་ཁག་བཅུ་ལྷག་ཙམ་ལེགས་སྒྲུབ་བྱས་པ་རེད། ཧོ་ཐའོ་ཡིས“ས་མཐོར་གནམ་གྲུ་ཉམས་བཟོ་བྱེད་པར་ལག་རྩལ་ཡག་པོ་དགོས་ལ་དེ་བས་ངང་རྒྱུད་རིང་པོ་དང་འགན་འཁྲི་ཁུར་སེམས་ཡོད་དགོས”ཞེས་བཤད།

    བོད་ཀྱི“1+7”གྱི་གནམ་ཐང་བཀོད་པ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་དབོར་འདྲེན་བྱེད་ཚད་ཀྱིས་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྲངས་འབོར་གྱི་60%ལྷག་ཙམ་བཟུང་ཡོད། རང་ཉིད་ཀྱིས་ཉམས་བཟོ་བྱས་པ་དེ་གནམ་གྲུ་ཙམ་མ་ཟད་ས་མཐོའི་འཕེལ་རྒྱས་ཀྱི་མཁའ་དབྱིངས་འཕར་རྩ་ཞིག་དེ་བས་ཀྱང་ཡིན་པ་ཧོ་ཐའོ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། གནམ་གྲུའི་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཕེལ་ཕྱོགས་མདུན་དུ་ཁོང་གིས་དཔུང་ཁག་གི་སྣེ་ཁྲིད་དེ་གྲངས་གཞི་ཆེ་མོའི་སྔོན་དཔག་རང་བཞིན་གྱི་ཉམས་བཟོའི་དཔེ་དབྱིབས་འཚོལ་ཞིབ་ཧུར་ཐག་གིས་བཟོས་ཏེ། ཉམས་བཟོའི་ལས་རིམ་ཚད་ལྡན་ཅན་དང་དཔེ་གཞིའི་མཛོད་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།

    ཉམས་མྱོང་གིས་དབུལ་བའི་དགེ་ཕྲུག་ཅིག་ནས་ལས་རིགས་ཤིག་གི་རིགས་གཅིག་མཁས་ཅན་དུ་གྱུར་བའི་བར། ཧོ་ཐའོ་ལ“ཕུལ་བྱུང་བདེ་འཇགས་ཚན་ཁག་གི་ཙུའུ་ཀྲང”དང“བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་མོད། ཡིན་ནའང་ཁོང་གིས་སྔ་ཕྱི་བར་གསུམ་དུ་གཟི་བརྗིད་དེ་དག་བོད་ཀྱི་མཁའ་འགྲུལ་བྱ་གཞག་ཆེད་འབད་འབུངས་བྱེད་བཞིན་པའི་ངལ་རྩོལ་པ་ཚང་མར་དབང་བའི་ངོས་འཛིན་བྱེད་པ་དང་། ཁོང་གིས་ལོ་བཅུ་བདུན་རིང་ཉིན་གཅིག་ལྟར་བརྟན་སྲུང་བྱས་ཏེ་དུས་རབས་གསར་པའི་ངལ་རྩོལ་པའི་འགན་འཁྲི་འཁུར་སེམས་མཚོན་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།