ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་།
བལ་ལ་གྲོང་རྡལ་གྱི་དམངས་འཚོའི་དྲོད་ལེན་ཁྲུས་ཁང་།
དེང་གི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་སྔར་བཞིན་རླུང་ཆེན་ལྡང་ནས་གྲང་ངར་ཅུང་ཆེ། ཉིན་དགུང་མཚམས་སུ་བལ་ལ་གྲོང་རྡལ་དམངས་ཕན་གྲོང་གསར་གྱི་རིག་གནས་བྱེད་སྒོ་ཁང་དུ་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཉི་འོད་ཁང་པ་ནས་གླུ་གར་གྱི་སྒྲ་ལྷང་ལྷང་དུ་གྲགས། གྲོང་མི་རྡོ་རྗེ་སྒྲོལ་མ་དང་། ས་སྨོན། སྲི་ཆོས་སྒྲོལ་མ་སོགས་ཀྱིས་དབྱར་ཁའི་བོད་ཆས་གྱོན་ནས་ལག་ཏུ་སྐར་ལྔའི་དར་དམར་ཁྱེར་ཏེ་གླུ་གར་ནང་སྦྱོང་བྱེད་བཞིན་ཡོད་པ་དང་། རྒན་རྒོན་དང་བྱིས་པ་ཚོས་སྤྲོ་བ་ཆེན་པོས་ལྟད་མོ་ལྟ་བཞིན་མཆིས།
ན་ནིང་ཟླ་10པར། གྲོང་སྡོད་ལས་དོན་རུ་ཁག་གིས་སྐུལ་འདེད་ཧུར་ཐག་བཏང་བའི་འོག གྲོང་ཚོར་མཁའ་རླུང་ནུས་པའི་ཆུ་ཚ་པོ་བཟོ་ཆས་ཀྱི་ཚ་དྲོད་མཁོ་འདོན་བྱས་པ་ནས་ཁྲུས་ཁང་ཆུང་ངུ་བཙུགས་པས་ཟ་ཁང་དང་ཐབ་ཚང་གི་ཆུ་སྤྱོད་གནད་དོན་དང་བྱེད་སྒོ་ཁང་གི་དྲོད་ལེན་གནད་དོན་ཐག་གཅོད་ཐུབ་ཡོད། དེའང་དཔལ་མགོན་རྫོང་གི་གྲོང་ཚོ་རིམ་པའི་ཁྲུས་ཁང་དང་པོ་དེ་ཡིན་པས། ཚང་མས་དེར“དམངས་འཚོའི་དྲོད་ལེན་ཁྲུས་ཁང”ཞེས་མིང་བཏགས་ཡོད།
“ང་ཚོའི་འདི་གར་གཟའ་མཇུག་ཏུ་བྲེལ་བ་ཆེ་ཤོས་རེད། གཟའ་མཇུག་ཏུ་སློབ་མ་གཟུགས་པོ་བཀྲུ་བར་ཡོང་གི་ཡོད་པས། ཁོང་ཚོའི་དགོད་སྒྲ་རྒྱུན་ཆད་རྒྱུ་མེད་ལ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད” ད་ལོ་ལོ་30ལ་སླེབས་པའི་རྡོ་རྗེ་སྒྲོལ་མ་ནི་གྲོང་ཚོའི་རིག་རྩལ་རུ་ཁག་གི་འཁྲབ་མི་གཙོ་བོའི་གྲས་རེད་ལ་ཁྲུས་ཁང་དེའི་དོ་དམ་པའང་རེད། ཁོང་ལྷ་ས་གསོལ་མགྲོན་ཁང་དུ་ལས་ཀ་བྱེད་མྱོང་བས་ངོ་ཤེས་ཀྱང་མང་པོ་ཡོད། ད་ལྟ་ཕ་ཡུལ་གྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཁོང“རང་ཁྱིམ་གྱི་སྒོ་འགྲམ་དུ”ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ཡོད། ཁོང་གིས“གྲོང་ཚོའི་ནང་ལས་ཀ་བྱེད་རྒྱུ་ཡོད་པ་མ་ཟད། ད་དུང་རྒན་རྒོན་ལ་ལྟ་རྟོག་ཀྱང་བྱེད་བདེ་པོ་འདུག་པས་དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་བཤད།
“དགུན་ཁ་སླེབས་རིམ་བཞིན་ང་ཚོར་སེམས་ཁྲལ་ཆེན་པོ་འདུག ཁྲུས་ཁང་ཡག་པོ་བསྐྲུན་ཡོད་མེད་དེ་གཙོ་བོ་ཆུ་སྦུག་ལ་འཁྱགས་པ་ཐེབས་མིན་དང་དགུན་ཁ་བེད་སྤྱོད་ཐུབ་མིན་ལ་ལྟ་དགོས” བལ་ལ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་པའེ་ཅང་ཧུང་ནི་ཀན་སུའུ་ཐེན་ཧྲུའེ་ནས་ཡིན་པ་དང་ས་བབ་སྨི་4700ལྷག་ཙམ་ཟིན་པའི་དཔལ་མགོན་གྱི་གཞི་རིམ་འཐབ་ས་དང་པོར་ལས་ཀ་བྱས་ནས་ལོ་བཅུ་ལྷག་ཙམ་སོང་ཡོད།
ཁྲུས་ཁང་མེད་པའི་སྐབས་སུ་ལས་བྱེད་པ་ཚོས་རྟག་ཏུ་ལམ་ཐག་ལེ་དབར་བརྒྱ་ཕྲག་ཙམ་ཆོད་པའི་རྫོང་གྲོང་ངམ་ཡང་ན་ནག་ཆུ་གྲོང་ཁྱེར་དུ་གཟུགས་པོ་བཀྲུ་བར་སྐྱོད་དགོས་པ་དང་། ལས་བྲེལ་ཆེ་སྐབས་ཆུ་ཚ་པོ་བཟོས་ནས་ཨ་ཅོར་གྱིས་གཟུགས་པོ་འཕྱིས་ཀྱི་ཡོད། ཆ་རྐྱེན་ཞན་པའི་དབང་གིས་འབྲོག་པ་མང་ཚོགས་ཚོ་གཟུགས་པོ་ཐེངས་གཅིག་འཁྲུ་བར་ཡང་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། སྔོན་ཆད་ས་བབ་མཐོ་བའི་ཤང་དུ་ཁྲུས་ཁང་རྣམ་གྲངས་ལག་བསྟར་བྱེད་མྱོང་མོད། འོན་ཀྱང་མང་ཆེ་བ་དྲོད་གཏོང་དང་ཆུ་འགྲོ་ཡག་པོ་དགོས་པས་རྣམ་གྲངས་ལག་བསྟར་བདེ་བླག་བྱུང་མེད། ལས་བྱེད་པ་དང་མང་ཚོགས་ཚང་མས་ཁྱིམ་གྱི་སྒོ་འགྲམ་དུ་ཁྲུས་ཁང་ཞིག་ཡོད་ན་ཅི་མ་རུང་སྙམ་བཞིན་ཡོད།
“མ་དངུལ་བཏང་ཡང་ཕན་འབྲས་མ་ཐོན་ན་ཇི་ལྟར་བྱེད་དགོས་པ”དང་། “བསྐྲུན་རྗེས་འཁོར་སྐྱོད་མ་གནས་མཐོ་དྲགས་ན་ཇི་ལྟར་བྱེད་དགོས་པ” “དྲོད་གཏོང་གི་མ་གནས་དམའ་རུ་ཇི་ལྟར་གཏོང་བ་དང་ཆུ་གསོག་ཚད་མང་དུ་བཏང་ནས་མང་ཚོགས་ཀྱི་དགོས་མཁོ་ཇི་ལྟར་སྐོང་ཐུབ་པ་བྱེད་དགོས་པ”བཅས་ལ་དམིགས་ནས། བལ་ལ་གྲོང་རྡལ་དམངས་ཕན་གྲོང་གསར་གྱིས་ཁྲུས་ཁང་ཆུང་ངུའི་རྣམ་གྲངས་ཚོད་ལྟའི་ལག་བསྟར་བྱས་ཏེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་མ་དངུལ་སྒོར་ཁྲི་20ལྷག་ཙམ་བཏང་ཡོད། འཆར་འགོད་དང་སྐུལ་འདེད་གཏོང་རིང་པའེ་ཅང་ཧུང་དང་གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་བསམ་གཞིགས་དང་གྲོས་བསྡུར་མང་ཤོས་བྱེད་ས་ནི་བྱ་བཟང་འདི་ལ་ཕན་ནུས་ཇི་ལྟར་ཐོན་པ་བྱ་རྒྱུ་དེ་རེད། ཁོང་ཚོའི་སྐད་ཆ་ལྟར་ན“དོན་དག་ཆུང་ཆུང་མང་ཚོགས་ཀྱི་བློ་ལ་བབས་པ་ཞིག་སྒྲུབ་དགོས”ཞེས་པ་དེ་རེད།
པའེ་ཅང་ཧུང་གིས“ལོ་མང་རིང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་དཔལ་མགོན་རྫོང་གི་འགྲིམ་འགྲུལ་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ལྷག་པར་དུ་ཤང་ནང་བོད་དབུས་གློག་དྲ་སྦྲེལ་མཐུད་བྱས་པས་གློག་དེ་བས་བདེ་འཇགས་དང་། བརྟན་པོ། རྒྱུན་མཐུད་ཆོག་པ་བཅས་བྱུང་བ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་སྤྱི་ཡོངས་རྣམ་པ་ལེགས་སུ་ཕྱིན་ནས་ང་ཚོར་ད་ལྟའི་དྲོད་རླངས་་བེད་སྤྱོད་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ཨར་སྐྲུན་བྱེད་རིང་། པའེ་ཅང་ཧུང་གིས་ཉིན་གཉིས་གསུམ་རེར་ལས་ཡུལ་དུ་བསྐྱོད་དེ“རང་ཁྱིམ་དུ་སྒྲིག་བཟོ་བྱེད་སྐབས་ལས་ཀྱང་ཞིབ་ཚགས་པར་ལྟ་བ”དང་། གྲོང་སྡོད་ལས་དོན་རུ་ཁག་གི“ཏོན་ལགས”ཀྱིས་ལས་ཡུལ་དུ་བསྡད་ནས་གང་ཞིག་ཏག་ཏག་མ་བསྡད་པ་དང་གང་ཞིག་ལ་འཁྱགས་འགོག་སྤོས་འགྱིག་ཡག་པོ་དཀྲིས་མེད་ཚེ་ལམ་སེང་དམར་འདོན་བྱེད་ཀྱི་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནོར་དགྲས་རྟག་ཏུ་ལྟ་ཞིབ་ནན་པོ་བྱས་ནས“ཆུ་འགྲོ་ཡག་པོ་བཟོ་དགོས། དེ་མིན་ན་ཁང་པའི་ནང་དྲི་ངན་ཁ་སྲིད”ཅེས་ཤོད་ཀྱི་ཡོད།
བལ་ལ་གྲོང་རྡལ་དམངས་ཕན་གྲོང་གསར་གྱི་ས་བབ་སྨི་4720ཟིན་པ་དང་དགུན་ཁ་ཕྱི་རོལ་གྱི་དྲོད་ཚད་ཆ་སྙོམས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཙམ་ཟིན་གྱི་ཡོད། རིམ་པ་10ཙམ་ཟིན་པའི་ལྷགས་པ་ཆེན་པོ་རྟག་ཏུ་རྒྱག་གི་ཡོད་ལ། སྐབས་རེ་ལྷགས་པ་རིམ་པ་13དང་14ཙམ་རྒྱག་གི་ཡོད། “ད་ལོའི་དགུན་ཁར་ཚང་མ་འཁོར་སྐྱོད་བདེ་བླག་བྱུང་སོང”གྲོང་ཚོའི་ཁྲུས་ཁང་ཆུང་ངུའི་སྐོར་གླེང་སྐབས་ཚང་མ་སེམས་ལྷོད་ལ་བབས་པ་དང་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།
ཁྲུས་ཁང་གཉེར་སྐྱོང་བྱས་ནས་ལོ་ཕྱེད་ཙམ་སོང་རིང་དམངས་ཕན་གྲོང་གསར་གྱི“ཁྲུས་ཁང”ས་གནས་དེ་གའི་མང་ཚོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་པའི་བྱ་བ་དངོས་དང་། བྱ་བཟང་། མི་སེམས་དྲོ་བའི་བྱ་བ་བཅས་ལ་གྱུར་ཡོད། དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་། ལོ་10མན་གྱི་བྱིས་པ། ལོ་60ཡན་གྱི་རྒན་རྒོན་བཅས་རིན་མེད་ངང་གཟུགས་པོ་བཀྲུ་ཆོག་གི་ཡོད། མང་ཚོགས་ཀྱིས་གཟུགས་པོ་ཐེངས་གཅིག་བཀྲུ་བར་སྒོར་5ལས་སྤྲོད་མི་དགོས་པ་དང་ལས་བྱེད་པ་དང་ལས་བཟོས་སྒོར་20ལས་སྤྲོད་དགོས་ཀྱི་མེད། མདོར་ན་འགོ་འཛུགས་ས་ཚང་མ་མང་ཚོགས་ལ་ཕན་པ་དངོས་ཐོབ་ཆེད་རེད།