ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པས་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ།
ཚེས་6ཉིན། ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པས་སྣེ་ལེན་ཚོགས་འདུ་འཚོགས་ནས། ཀྲུང་ཡོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་། ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་ཚོགས་གཙོ་ཚའེ་རུན་དང་ཡོ་རོབ་མནའ་འབྲེལ་ཕྱི་ཕྱོགས་བྱ་སྤྱོད་ཧྲུའུ་ཡི་དྲུང་ཆེ་གཞོན་པ་སི་ཁུའུ་ཀེ་ཡིས་ཤིས་ཚིག་བསྒྲོན་པ་རེད། པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྥེ་ཧྲེང་ཁྲའོ་དང་། ཡོ་རོབ་མནའ་འབྲེལ་ཕྱི་ཕྱོགས་བྱ་སྤྱོད་ཧྲུའུ་ཡི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་སྤྱི་ཁྱབ་སིའི་སྤྱི་ཁྱབ་སི་ཀྲང་ཁོ་ཝང་སི་ཐེ་ལུན་སོགས་ཡོ་རོབ་མནའ་འབྲེལ་སྒྲིག་གཞི་དང་། པེར་ཀྲེམ་སྲིད་གཞུང་གི་དཔོན་རིགས། ས་གནས་དེ་གའི་ལས་རིགས་ཁག་གི་མི་སྣ། ཡོ་རོབ་ཏུ་བཅའ་སྡོད་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་ཕོ་ཉ། རྒྱལ་སྤྱིའི་རྩ་འཛུགས། དེ་བཞིན་ཀྲུང་གོའི་མ་འཇོག་ཚན་པ་སོགས་ཀྱི་འཐུས་མི་ཆིག་སྟོང་ཙམ་ཞུགས་ཡོད་པ་རེད།
ཚའེ་རུན་གྱིས། ཀྲུང་ཡོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་ནི་ཀྲུང་ཡོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ཞིག་རེད་ལ། ཀྲུང་ཡོའི་འབྲེལ་བའི་འཕེལ་རྒྱས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་ཡོའི་འབྲེལ་བས་རེ་སྒུག་བྱེད་རིན་ཡོད་པའི་ལོ་50རྗེས་མ་ཞིག་གཏོད་ཐུབ་ངེས་ཡིན་པས། ཕན་ཚུན་དབར་གྲུབ་འབྲས་གཏོད་ཐུབ་ལ། འཛམ་གླིང་ལའང་འོད་སྣང་སྦྱིན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
སི་ཁུའུ་ཀེ་ཡིས། ཡོ་ཀྲུང་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། མིག་སྔར་ས་འབྲེལ་ཆབ་སྲིད་འགྱུར་ལྡོག་འགྲོ་བའི་རྒྱབ་ལྗོངས་འོག ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ནས་ཡོ་ཀྲུང་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།