དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-05-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་7ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་བརྗོད་དོན། ཨ་རིའི་སྲིད་གཞུང་གསར་པས་འགན་ཁུར་ཚུན་སྒྲིག་འགལ་དང་ལུགས་དང་མི་མཐུན་པའི་ཕྱོགས་རྐྱང་པའི་སྒོ་ཁྲལ་བསྡུ་ཐབས་རབ་དང་རིམ་པ་སྤྱད་དེ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བར་རྡབ་རྡིག་ཚབས་ཆེན་བཟོས་པ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཏང་བ་མ་ཟད། འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཕར་བར་འགྲན་སློང་དྲག་པོ་ཡང་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་ཆེད་ཟློག་ལན་ནུས་ལྡན་མཐའ་གཅིག་ཏུ་བསློགས་ཡོད། ཉེ་ཆར་ཨ་རི་ཕྱོགས་ཀྱི་མཐོ་རིམ་གྱིས་སྒོ་ཁྲལ་བསྡུ་ཐབས་ལེགས་སྒྲིག་བྱ་རྒྱུའི་ཐད་རྒྱུན་ཆད་མེད་པར་ལྐོག་བསྒྲགས་བྱས་པ་དང་འབྲེལ། ཐབས་ལམ་སྣ་ཚོགས་བརྒྱུད་ཀྲུང་གོ་ཕྱོགས་ལ་རང་འགུལ་ངང་ཆ་འཕྲིན་བརྒྱུད་སྤྲོད་བྱས་ནས་སྒོ་ཁྲལ་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་གྲོས་མོལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་ཆ་འཕྲིན་ལ་དཔྱད་དཔོག་ནན་ཏན་བྱས་ཡོད། གོ་ལ་ཧྲིལ་པོའི་རེ་སྒུག་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན། ཨ་རིའི་ལས་རིགས་དང་འཛད་སྤྱོད་པའི་རེ་འབོད་བཅས་ལ་བསམ་གཞིག་གང་ལེགས་བྱས་པའི་རྨང་གཞིའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་འབྲེལ་གཏུག་བྱེད་པར་མོས་མཐུན་བྱ་རྒྱུའི་ཐག་བཅད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ཡིན་པའི་ངོས་ནས་སུའེ་ཙེར་དུ་འཚམས་འདྲི་གནང་རིང་ཨ་རི་ཕྱོགས་ཀྱི་སྣེ་ཁྲིད་པ་ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སེན་ཐེ་དང་གྲོས་མོལ་གནང་རྒྱུ་ཡིན་པ་རེད།

    མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གཅིག་པ་ཡིན། ཚོང་དོན་འཁྲུག་རྩོད་དམ་ཡང་ན་གྲོས་མོལ་གང་ཡིན་རུང་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་འགྱུར་བ་ཡོང་མི་སྲིད་ལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་དང་དམིགས་ཚད་ལའང་འགྱུར་བ་ཡོང་མི་སྲིད། ཨ་རི་ཕྱོགས་ཀྱིས་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱེད་དགོས་བསམས་ན། ཕྱོགས་རྐྱང་པའི་སྒོ་ཁྲལ་བསྡུ་ཐབས་ཀྱིས་རང་ངོས་དང་འཛམ་གླིང་ལ་ཐེབས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་ལ་མཐོང་ཆེན་དང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་དྲང་གཞག་དྲང་བདེན། ལས་རིགས་ཁག་གི་དཔྱོད་ཤེས་ཀྱི་སྐད་སྒྲར་མཐོང་ཆེན་བྱས་ནས། གྲོས་མོལ་གྱི་ལྷག་བསམ་མངོན་པ་དང་། ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱས་ཏེ་ཀྲུང་གོ་ཕྱོགས་དང་ཕྱོགས་མཐུན་མདུན་སྐྱོད་བྱས་ནས་འདྲ་མཉམ་གྲོས་མོལ་བྱས་པ་བརྒྱུད་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།