རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་པ།
ལས་འཛོལ་ཆེན་པོ་དང་ཚབས་ཆེན་ཐོན་རྒྱུར་འགོག་ཟོན་ དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་ནས་ས་གནས་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག ཀྲུང་དབྱང་ཁེ་ལས་བཅས་ལ་བསླབ་བྱ་ཟབ་མོ་ལེན་པ་དང་གཅིག་ཤེས་ཀུན་གྲོལ་གྱིས་བདེ་འཇགས་ཐད་ཀྱི་ཉེན་ཁ་གྲལ་བཤེར་བྱས་ནས། བདེ་འཇགས་ཀྱི་འགན་འཁྲིའི་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་འཛོལ་ཆེན་པོ་དང་ཚབས་ཆེན་ཐོན་རྒྱུར་འགོག་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་བཏོན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་ཟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགྲིམ་འགྲུལ་གྱི་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། གནམ་གཤིས་ངན་པ་དང་འཁོར་རྒྱུན་མང་བའི་དུས་མཚམས་སུ་སྐོར་ཞིབ་སྐོར་སྲུང་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་དགོས་པ་དང་། མི་སྣ་འདུ་འཛོམས་ཆེ་སའི་བདེ་འཇགས་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཐོན་སྐྱེད་གཉེར་སྐྱོང་ཚན་པས་ཡུལ་སྐོར་གྲུ་གཟིངས་དང་འགྲུལ་སྐྱེལ་འབྲེང་ཟམ་དང་འབྲེང་འཁོར་སོགས་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པར་ལྟ་སྐུལ་བྱས་ནས། གནམ་གཤིས་ངན་པ་བསྟན་སྐབས་ཡུལ་སྐོར་བ་ཁ་འགྲེམ་པ་དང་ལས་མཚམས་འཇོག་པ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས་པ། “གནས་ཡུལ་ཆུང་གྲས་དགུ”དང་། ལས་རྣམ་མང་པོ་མཉམ་བསྲེས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱ་ཡུལ། མི་སྣ་འདུ་འཛོམས་ཆེ་ཁུལ་སོགས་ལ་དམིགས་ཏེ་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་གློག་སྒུལ་རྐང་འཁོར་དང་། ཨར་སྐྲུན་དྲོད་སྲུང་རྒྱུ་ཆ། མི་སྣ་འདུ་འཛོམས་ཆེ་ཁུལ་གྱི་མེ་སྐྱོན། “སྒེའུ་ཁུང་དང་ལྕགས་དྲ་གཏོར་བ”སོགས་ཀྱི་བཅོས་སྐྱོང་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་རྫས་འགྱུར་བཟོ་ལས་གླིང་གི་བདེ་འཇགས་བཅོས་སྐྱོང་མཐོར་གཏོང་དང་། ཁེ་ལས་ཀྱི་ངོ་བོའི་བདེ་འཇགས་སྒྱུར་བཀོད་མཐོར་གཏོང་། རྫས་འགྱུར་བཟོ་ལས་ཀྱི་སྒྲིག་ཆས་རྙིང་པའི་བདེ་འཇགས་བཅོས་སྒྲིག གཙོ་གནད་ས་ཁུལ་གྱི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་ཞབས་ཞུ་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་དགོས།
བརྡ་ཐོའི་ནང་ནན་བཤད་བྱས་དོན། ལས་རེས་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་ལས་རོགས་སྐྱོབ་དཔུང་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་འཕྲལ་སྡོམ་གྱི་གྲ་སྒྲིག་ཡག་པོ་བྱས་ནས། ཐོལ་བྱུང་དོན་རྐྱེན་ཐོན་མ་ཐག་འཕྲལ་དུ་ཉེན་སེལ་རོགས་སྐྱོབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས།