དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཨུ་ཀྲུང་གི་ལྗང་མདོག་ཐཱན་ཉུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མི་ མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད”

    —— ཀྲུང་ཨུ་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་སྐྱེ་ཁམས་ལས་འཛིན་ལྷན་ཚོགས་ཀྱི་ཨུ་རུ་སུ་ཕྱོགས་ཀྱི་ཀྲུའུ་ཞི་ཅེ་ལི་ཕ་སི་ཁཱར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཆུས་སུང་།   |     སྤེལ་དུས།  2025-05-09

    ཅེ་ལི་ཕ་སི་ཁཱ།

    “ཨུ་ཀྲུང་འབྲེལ་བ་ཟམ་མི་ཆད་པར་བརྟན་དུ་སོང་ནས་ཕྱོགས་གཉིས་པོའི་མཉམ་ལས་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ལ་ཕན་པ་ཐོབ་ཡོད”ཅེས་ཉེ་ཆར་ཀྲུང་ཨུ་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་སྐྱེ་ཁམས་ལས་འཛིན་ལྷན་ཚོགས་ཀྱི་ཨུ་རུ་སུ་ཕྱོགས་ཀྱི་ཀྲུའུ་ཞི་ཨོ་ལེ་ཀེ·ཅེ་ལི་ཕ་སི་ཁཱས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་ཅིང་། ཁོང་གིས་ཨུ་ཀྲུང་དབར་གྱི་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་མྱུར་ཞིང་ཁྱབ་ཁོངས་མང་པོར་ཁྱབ་སྟེ། ཚོང་དོན་དང་མ་འཇོག་ཐད་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད་ཅེས་བརྗོད།

    ཅེ་ལི་ཕ་སི་ཁཱ་ཡིས། ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ་འབོར་བརྟན་སྤུས་འཕར་གྱི་རྣམ་པ་བཟང་པོ་མངོན་ཡོད། ཉེ་བའི་ལོ་ཤས་རིང་། ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ལ། ལྷག་པར་དུ་འོད་ཤུགས་དང་། རླུང་གློག་སོགས་ཀྱི་ཁྱབ་ཁོངས་སུ་རྒྱུན་མཐུད་འཕེལ་རྒྱས་བྱུང་ནས་ཕུན་སུམ་ཚོགས་པའི་བསྐྱར་སྐྱེས་ནུས་རྒྱུ་དང་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་ཁྲོམ་ར་ཆེ་ཤོས་དང་། ལེ་ལག་ཚང་བའི་ཐོན་ལས་སྔ་མ་དང་ཕྱི་མའི་འཁོར་འབྲེལ་ཡང་ལྡན་པས། གོ་ལ་ཧྲིལ་པོའི་ནུས་རྒྱུའི་མ་འཇོག་ཁྱབ་ཁྱོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅེས་བརྗོད།

    ཅེ་ལི་ཕ་སི་ཁཱ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་དང་། དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་ཀྲུང་གོའི་བློ་རིག་དང་ཀྲུང་གོའི་ཇུས་གཞི་བཏོན་པ་དེས་དེང་གི་འཛམ་གླིང་ལ་དོན་སྙིང་ཆེན་པོ་ལྡན་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“དགོངས་པ་འདིས་ཀྲུང་གོའི་དཔལ་འབྱོར་འཕར་སྟངས་ཀྱི་འགྱུར་ལྡོག་མངོན་ཞིང་། དེས་གོ་སྐབས་གསར་པ་སྦྱིན་ལ་ལས་ཞུགས་ཀྱི་གོ་སྐབས་གསར་པའང་བཏོད་པས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐེབས་ནས་མ་འཇོག་གི་ཡིད་དབང་འགུགས་ཤུགས་ཆེ་རུ་ཕྱིན་ཡོད”ཅེས་བརྗོད།

    ཅེ་ལི་ཕ་སི་ཁཱ་ཡིས། ཀྲུང་གོས“ཐཱན་གཉིས”ཀྱི་དམིགས་ཚད་བཏོན་པ་དེས་སྒེར་གཉེར་དཔལ་འབྱོར་གྱིས་ལྗང་མདོག་ཁྱབ་ཁོངས་སུ་མ་འཇོག་བྱ་རྒྱུར་སྐུལ་མ་ཐེབས་ཡོད། ཉམས་མྱོང་འདིར་བློ་སྒོ་འབྱེད་པའི་དོན་སྙིང་ཆེན་པོ་ལྡན་ཡོད། “ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་གི་དམིགས་ཚད་ཁ་གསལ་བ་དང་། བྱ་ཐབས་ཀྱང་ཚན་རིག་དང་མཐུན་ལ། ཕྱོགས་ཡོངས་དང་ནུས་པ་ལྡན་པ་དེས་འཛམ་གླིང་གི་རྒྱལ་ཁབ་གཞན་ལ་བློ་སྒོ་ཕྱེ་ཡོད”ཅེས་བརྗོད། ཁོང་གིས“ཨུ་རུ་སུས་ཀྲུང་གོའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ་ལྗང་མདོག་གི་ནུས་རྒྱུའི་ཁྲོམ་ར་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་ཆོག་པས། ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་ལྗང་མདོག་ཐཱན་ཉུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད”ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨུ་རུ་སུའི་སློབ་གསོའི་མཉམ་ལས་ལ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཡོད། རྒྱལ་ཁབ་གཉིས་པོའི་ཕྱི་སྦྱོང་སློབ་མའི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་ཨུ་རུ་སུའི་གཞོན་ནུ་མང་པོས་རྒྱའི་སྐད་ཡིག་ལ་དགའ་ཞེན་བྱེད་ཤུགས་ཇེ་ཆེར་སོང་ཡོད། རྒྱལ་ཁབ་གཉིས་དབར་དུ་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། ཟླ་2ཚེས་28ཉིན་ཀྲུང་ཨུ་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་སྐྱེ་ཁམས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོའི་ཤིས་ཨན་དུ་ཨུ་རུ་སུའི“དགུན་སྐྱེལ་དུས་ཆེན”ལ་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་ཡོད། ཅེ་ལི་ཕ་སི་ཁཱ་ཡང་མོ་སི་ཁོའི་ཟློས་གར་ཁང་ཆེན་པོ་སོགས་ཀྱི་ཨུ་རུ་སུའི་ཕུལ་བྱུང་འཁྲབ་སྟོན་ཚོགས་པ་ཀྲུང་གོར་མངགས་ཏེ་ཞིམ་ཟས་རིག་གནས་དང་། བདེ་ཐང་འཚོ་བའི་ཁྱབ་ཁོངས་ཐད་རྒྱལ་ཁབ་གཉིས་པོའི་སྤེལ་རེས་སྔར་བས་མང་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུར་གཞོལ་ཞིང་། ཁོང་གིས་རྒྱལ་ཁབ་གཉིས་དབར་ཐོངས་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་དང་། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་བ་དེས་མི་ཆོས་རིག་གནས་སྤེལ་རེས་སྔར་བས་ཇེ་ཟབ་ཏུ་ཕྱིན་ནས“མི་ཆོས་རིག་གནས་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་མཐུན་སྲ་བརྟན་ཡོང་བར་ནུས་པ་གལ་ཆེན་ཐོན་རྒྱུར་ཕན་ཐོགས་ཡོད”ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་5ཚེས་6ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།