དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དེ་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འབྱུང་འགྱུར་གཏོད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2025-05-09

    ཟླ་5ཚེས་6ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐཱ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་ནས་ལོ་50ཡི་རིང་། ཕྱོགས་གཉིས་པོའི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་དབར་གྱི་འགྲོ་འོང་ཟབ་པ་དང་། གླེང་མོལ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། མི་ཆོས་རིག་གནས་སྤེལ་རེས་ལ་ཁྱད་ཆོས་ལྡན་པ་དང་། ཕྱོགས་མང་མཐུན་སྦྱོར་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲས་ཤིག་ཏུ་གྱུར་ནས། ཀྲུང་གོ་དང་ཡོ་རོབ་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

    ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱི་དུས་རབས་ཕྱེད་ཀ་ཙམ་གྱི་འགྲོ་འོང་ལ་ཕྱིར་མིག་ལྟ་སྐབས། རྩ་ཆེ་ཤོས་ཀྱི་ཉམས་མྱོང་ནི་ཕན་ཚུན་བརྩི་འཇོག་དང་། སྒུལ་ཤུགས་ཆེ་ཤོས་ནི་གཉིས་ཁེ་གཉིས་ཕན། གཅིག་མཐུན་ཆེ་ཤོས་ཀྱི་ཐུན་མོང་ངོས་འཛིན་ནི་ཕྱོགས་མང་རིང་ལུགས། གནས་འཁེལ་ཤོས་ཀྱི་ངེས་གནས་ནི་མཉམ་ལས་རོགས་ཟླ་བཅས་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ལྟ་སྟངས་བཟུང་ནས། ཡོ་རོབ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་འགག་རྩའི་རོགས་ཟླར་བརྩི་བཞིན་ཡོད། 2014ལོའི་ཟླ་3པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་སྟེ། ཀྲུང་གོས་ཡོ་རོབ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་། འཕར་སྐྱེད། སྒྱུར་བཅོས། ཤེས་དཔལ་བཅས་ཀྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་བཏོད་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཐབ་ཇུས་ཀྱི་ནང་དོན་གསར་པ་སྣོན་འདོད་ཡོད་ཅེས་གསུངས། ད་ལོ་ཚུན་དུ། ཀྲུང་གོ་དང་ཡོ་རོབ་དབར་མཐོ་རིམ་མཉམ་འགུལ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱོགས་མང་རིང་ལུགས་མཉམ་དུ་ལག་བསྟར་དང་རང་མོས་ཚོང་དོན་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་སྟེ། མུ་མཐུད་འཛམ་གླིང་འཕོ་འགྱུར་ཁྲོད་ཀྱི་བརྟན་ལྷིང་རང་བཞིན་དང་དགེ་མཚན་ལྡན་པའི་སྟོབས་ཤུགས་སུ་གྱུར་ཡོད།

    ཀྲུང་གོ་དང་ཡོ་རོབ་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་གཉིས་ཁེ་གཉིས་ཕན་བྱུང་ནས་སྟོབས་དང་ལྡན་པའི་དཔལ་འབྱོར་མཉམ་གནས་ཀྱི་འབྲེལ་བ་ཞིག་ཆགས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་ཚོང་དོན་བསྡོམས་འབོར་ཕྱི་འབྲེལ་འཛུགས་སྐབས་ཀྱི་ཨ་སྒོར་དུང་ཕྱུར་24ནས་2024ལོའི་ཨ་སྒོར་དུང་ཕྱུར་7858བར་འཕར་བ་དང་ཕྱོགས་གཉིས་ཀྱི་མ་འཇོག་གསོག་འབོར་ཧ་ལམ་ཀླད་ཀོར་ནས་ཨ་སྒོར་དུང་ཕྱུར་2600བར་འཕར་ཡོད། རིམ་རྩིས་བརྒྱབ་ན། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་ཚད་ཁྲི་10ལས་བརྒལ་ནས་ཨེ་ཤེ་ཡ་དང་ཡོ་རོབ་འབྲེལ་མཐུད་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་འགག་སྒོའི་བསྡོམས་རྩིས་ལྟར་ན། ད་ལོའི་དུས་ཚིགས་དང་པོར། ཀྲུང་གོས་ཡོ་རོབ་མནའ་འབྲེལ་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1.3ཟིན་ཏེ་སྐར་མ་རེར་དངོས་ཟོག་ཕྱིར་གཏོང་བྱེད་ཚད་མི་དམངས་ཤོག་སྒོར་ཁྲི་1000ལྷག་ཙམ་ཟིན་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་དང་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བས་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལ་གོ་སྐབས་གསར་པ་བཏོད་ཡོད།

    སྐྱོན་བྲལ་དང་བརྟན་ལྷིང་གི་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བས་ཕན་ཚུན་ལ་གྲུབ་འབྲས་གཏོད་རོགས་ཐུབ་པ་མ་ཟད། འཛམ་གླིང་ལ་ཕན་བདེ་ཡང་བསྐྲུན་ཐུབ། ལག་གདང་སྦྲེལ་ནས《ཕ་རི་སིའི་གྲོས་ཆོད》འཇོག་རྒྱུར་སྐུལ་འདེད་བཏང་བ་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཉམ་ལས་ལ་མཉམ་དུ་ཤུགས་སྣོན་བརྒྱབ་པའི་བར་དང་། དེ་ནས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་བའི་བར། ཀྲུང་གོ་དང་ཡོ་རོབ་ཀྱིས་ཁྱབ་ཁོངས་མང་པོར་གྲུབ་འབྲས་ཀྱིས་ཐོབ་པའི་ཕྱོགས་མང་མཐུན་སྦྱོར་མཉམ་ལས་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་མཉམ་ལས་ཀྱི་རྨང་གཞི་རྒྱ་ཁྱབ་ལྡན་ཡོད། མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་བཙན་ཤེད་བཅས་ཀྱིས་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་གཏོང་བའི་སྐབས་སུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུར་དེ་བས་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད།

    ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རིམ་ལས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ལྷག་བསམ་རྣམ་དག་ངང་གླེང་མོལ་བཅས་བྱས་ཚེ་གཞི་ནས་མཉམ་ལས་ལ་སྐུལ་འདེད་ཐུབ་པ་དང་དོན་ཆེན་སྒྲུབ་ཐུབ་པ་ར་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་རོགས་ཟླའི་ངེས་གནས་ཡང་དག་གཏན་འཁེལ་དང་གཉིས་ཁེ་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་། དགེ་མཚན་ལྡན་པའི་རང་བཞིན། གཉིས་ཕན་རང་བཞིན། གོ་ལ་ཧྲིལ་པོའི་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་བས་བདེ་སྐྱིད་སྐྲུན་པ་དང་དེ་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འབྱུང་འགྱུར་གཏོད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།